༢༠༡༡ ཟླ་ ༨ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༡ ཉིན་རྡ་ས་གངས་སྐྱིད་སྤྱི་ཐབས་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སློབ་དཔོན་བསོད་ནམ་བསྟན་འཕེལ་མཆོག་གིས་དབུས་སྤྱི་འཐུས་ཁག་གཅིག་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་པདྨ་བདེ་ལེགས་ལགས་དང་ཚོགས་གཙོ་བཀྲ་ཤིས་དབང་འདུས་ལགས་དབུས་གཞིས་ཆགས་ཁག་བཅོ་ལྔའི་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་རྣམ་པ། འགན་འཛིན་རྣམ་པ།
གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༨༠ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་བཀའ་ཁྲི་མཆོག་གིས་སྣང་གསལ་ཞལ་དབྱེ་གནང་རྗེས་རྟེན་འབྱུང་གི་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་གྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་འབྲེལ་སྤྱི་མཐུན་མཉམ་འབྲེལ་གྱི་གནས་སྟངས་ངོ་སྤྲོད་གྲུབ་བསྟུན་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོས་ཚོགས་འདུའི་དམིགས་དོན་དང་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་གྲུབ་མཚམས་སྤྱི་མཐུན་མཉམ་འབྲེལ་གྱིས་ལས་བྱེད་པའི་བུ་ཕྲུག་གཉིས་ལ་སློབ་ཡོན་རྒྱབ་སྐྱོར་རྒྱན་ཤོག་བཀའ་ཁྲི་མཆོག་གིས་འཐེན་རྗེས་སྒྲོགས་སྦྱང་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མིའི་མཉམ་འབྲེལ་བཅོ་ལྔའི་བྱུང་རབས་ལོ་རྒྱུས་ཀྱི་དཔེ་དེབ་དང་། ནང་སྲིད་དྲུང་ཆེས་སྤྱི་མཐུན་མཉམ་འབྲེལ་གྱི་གསར་འཕྲིན་ཁག་གཉིས་དབུ་འབྱེད་གནང་།
དེ་ནས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། ངས་བཀའ་བློན་ཁྲི་པའི་དམ་བཅའ་ཞུས་ཏེ་དེ་རིང་ཉིན་བཞི་པ་ཆགས་ཡོད། ང་རང་མཉམ་འབྲེལ་གྱི་ཚོགས་ཆེན་དུ་ཐེངས་དང་པོ་བཅར་རྒྱུ་བྱུང་བར་ཡག་པོ་ཞིག་བྱུང་འདུག་སྙམ་གྱི་ཡོད། ངས་དུས་རྒྱུན་ཤོད་བཞིན་པའི་ནང་ནས་གཅིག་གཞི་རིམ་གསར་གཏོད་དང་རང་མགོ་རང་ཐོན་བྱེད་རྒྱུ་དེ་མཉམ་འབྲེལ་གྱི་འཆར་གཞི་དང་དམིགས་ཡུལ་བྱེད་ཕྱོགས་དང་མཐུན་པ་ལྟ་བུ་ཆགས་འདུག དཔེར་ན། ད་ལྟ་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་དང་ཚོགས་གཙོ་གཉིས་ནས་གསུངས་སོང། གཞིས་ཆགས་ནང་གནས་པའི་མི་མང་། དེ་བཞིན་ཚོང་ཆུང་ཆུང་རྒྱག་མཁན་ཚོར་མཉམ་འབྲེལ་གྱིས་ཁ་ཡོད་ལག་ཡོད་ཕན་གྱི་ཡོད། ང་རང་དེ་སྔ་གཞིས་ཆགས་ཁག་མང་པོའི་ནང་བཅར་སྐབས་རྣམ་པ་ཚོ་མཇལ་རྒྱུ་བྱུང། སྐབས་དེར་རྣམ་པ་ཚོས་གསུངས་བ་བཞིན་རྩམ་ཐག་དང། ཊེཀ་ཊར། བུ་གསོ་ཁང་། དེ་བཞིན་སློབ་གྲྭའི་ཕྲུ་གུ་སྐྱེལ་འདྲེན་གྱི་རླང་འཁོར་སོགས་དེ་དག་མཉམ་འབྲེལ་གྱི་ངོས་ནས་འབད་བརྩོན་གནང་གི་ཡོད་པ་ངས་ཤེས་ཀྱི་ཡོད། མི་མང་ལ་དངོས་གནས་ཕན་ཐོགས་ཆེད་འགན་འཁྱེར་གྱི་ཡོད་པ་ངས་ཤེས་ཀྱི་ཡོད། རྣམ་པ་ཚོས་ད་བར་དཀའ༜་ལས་སྐྱོན་པར་བསྔགས་བརྗོད་དང། ད་དུང་སྙིང་སྟོབས་དང་སེམས་ཤུགས་མ་ཆག་པའི་སྒོ་ནས་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་ཁྲིམས་མཐུན་ཐོག་ཕྱག་ལས་གནང་རྒྱུར་འབད་བརྩོན་གནང་སྟེ་གང་ཙམ་ཡར་རྒྱས་འགྲོ་གི་ཡོད་པ་གསལ་པོ་རེད། ངས་ནང་སྲིད་དྲུང་ཆེ་བརྒྱུད་དཔལ་འབྱོར་གྱི་གནས་སྟངས་ཁྱུག་ཙམ་ལྟ་སྐབས་དཔལ་འབྱོར་གྱི་གནས་སྟངས་དེ་ཧ་ཅང་ཡག་པོ་འདུག ཁག་ཁ་ཤས་མ་གཏོགས་མང་ཆེ་བར་མ་དངུལ་ཡག་པོ་ཡོད་མཁན་ཤ་སྟག་ཡིན་པ་མཟད། ཡར་རྒྱས་འགྲོ་དང་འགྲོ་བཞིན་པ་རེད་འདུག སྔོན་མ་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དགོངས་པའི་འཆར་གཞི་ལྟར་གཞིས་ཆགས་ཁག་ནས་རིམ་པས་མཉམ་འབྲེལ་དེ་དག་རང་དབང་ཐོག་སོ་སོའི་རྐང་པའི་ཐོག་ལངས་ཐུབ་ན་མི་མང་ལ་ཁ་ཡོད་ལག་ཡོད་ཕན་ཐོགས་ཡོང་གི་རེད་ཅེས་དམིགས་ཡུལ་ཡོད་པ་བཞིན། རྣམ་པ་ཚོས་ཧུར་ཐག་གནང་སྟེ་གང་ཙམ་རང་དབང་གི་ཐོག་ཕྱག་ལས་ཚགས་ཚུད་གནང་བཞིན་འདུག དཔེར་ན། མཉམ་དྲུང་དང་དེ་བཞིན་ལས་དྲུང་རྣམས་ལ་མཉམ་འབྲེལ་རང་ནས་ཕོགས་གནང་རྒྱུ་དེ་དག་ཧ་ཅང་ཡག་པོ་རེད། ད་ལྟ་ཚོགས་གཙོས་གསུངས་པ་ལྟར་སྦེང་ལོར་དུ་ལས་ཁུངས་ཨ་མ་བཙུགས་ས་དང་། དེ་བཞིན་(Shopping Complex) འཛུགས་རྒྱུ་ཡིན་པ་སྐད་གྲགས་འདུག དེ་བཞིན་སློབ་ཕྲུག་ལ་སློབ་ཡོན་གནང་རྒྱུ། འཛིན་རིམ་བཅུ་གཉིས་ཐོན་རྗེས་སྨན་པ་བཟོ་སྐྲུན་ལས་རིགས་ཀྱི་སློབ་སྦྱོང་བྱེད་བློ་ཡོད་མཁན་སློབ་ཕྲུག་རྣམས་ལ་(coaching) ཟབ་སྦྱོང་སྤྲོད་རྒྱུ་སོགས་མཉམ་འབྲེལ་གྱིས་འབད་བརྩོན་གནང་བ་དེ་ཧ་ཅང་ཡག་པོ་རེད། ང་རང་གཞིས་ཆགས་ཁག་ལ་འགྲོ་སྐབས་མཉམ་འབྲེལ་གྱི་མི་མང་ལ་ཁ་ཡོད་ལག་ཡོད་ཕན་ཐོགས་ཀྱི་ཡོད་པ་དངོས་སུ་མཐོང་མྱོང་ཡོད། དེར་བརྟེན་ཕྱག་ལས་མུ་མཐུད་གནང་རོགས་ཞུ་རྒྱུ་དང། ཕྱག་ལས་གནང་སྐབས་ད་གིན་སྤྱི་ཁྱབ་འགན་འཛིན་གྱིས་གསུངས་པ་བཞིན་རྒྱ་གར་གྱི་ཁྲིམས་དང་བསྟུན་རྒྱུ། དེ་བཞིན་(by-law) ཁྲིམས་མཐུན་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྲིམས་ལུགས་ལག་བསྟར་མ་བྱས་ན་མ་འོངས་པར་མ་རྩ་ཕོན་ཆེན་པོ་ཡོད་པ་དེ་མེད་པ་ཆགས་ཏེ་ཕན་ཐོགས་རྒྱུའི་ཚབ་གནོད་བསྐྱལ་ན་ཐབས་སྡུག་ཆགས་ཀྱི་རེད། དེར་བརྟེན་རྒྱ་གར་གྱི་ཁྲིམས་དང་མཐུན་པའི་ཐོག་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན། གལ་ཏེ་ལམ་སྟོན་དགོས་གལ་བྱུང་ཚེ་རྣམ་པ་ཚོས་སྤྱི་ཁྱབ་འགན་འཛིན་དང་ཚོགས་གཙོས་དབུས་འགན་འཛིན་ལྷན་ཚོགས་ཡོད་པ་བཞིན། ང་ཚོའི་སྒྲིག་འཛུགས་ཀྱི་ཐོག་ནས་གནང་དགོས་ཚེ་ནང་སྲིད་ལས་ཁུངས་སུ་འབྲེལ་བ་གནང་རོགས། གསར་གཏོད་རིམ་པས་ཐོག་ནས་བློ་ཁོག་ཆེ་ཙམ་བྱས་ཏེ་བྱས་རྗེས་བཞག་སྟེ་མི་མང་གི་རེ་བ་བཞིན་ཕན་ཐོགས་པ་བྱེད་ཐུབ་ན་ཧ་ཅང་ཡག་པོ་ཡོང་གི་རེད། ད་ལྟ་ཚོགས་གཙོས་བོད་མིའི་སྒྲིག་འཛུགས་ལ་གཞུང་ཞབས་དང་མཐུན་པའི་ཐོབ་ཐང་སོགས་གནང་རོགས་ཞེས་འབོད་སྐུལ་ཞུས་སོང། དེ་དག་ཡིག་ཐོག་ནས་གནང་བསྟུན་ངས་རིམ་པས་བསྐྱར་ཞིབ་བྱས་ཏེ་གནང་འོས་པ་ཡོད་ན་གནང་རྒྱུ་ཡིན། འོན་ཀྱང་ང་ལ་བཀའ་བློན་ཁྲི་པའི་འགན་ཡོད་ནའང་གྲོས་ཚོགས་དང་བསྟུན་དགོས་ཀྱི་ཡོད། གྲོས་ཚོགས་ནས་བཀའ་གང་གནང་ཡང་ངས་ལག་བསྟར་བྱེད་ཀྱི་ཡིན། ཐེངས་འདིའི་ཚོགས་ཆེན་དེ་ལམ་ལྷོངས་དང་ཚགས་ཚུད་ཡོང་བའི་རེ་བ་ཞུ་གི་ཡོད། ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་དེ་དག་ངེས་པར་དུ་ལག་བསྟར་བྱས་ནས་མ་འོངས་པར་གྲུབ་འབྲས་ཐོན་རྒྱུ་ཡོད་པ་ཞིག་བྱུང་ན་ཧ་ཅང་ཡག་པོ་ཡོང་གི་རེད། ཅེས་གསུང་བཤད་གྲུབ་རྗེས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་གྱིས་ཐུགས་རྗེ་ཆེ་ཞུས་ཏེ་ཚོགས་འདུ་དབུ་འབྱེད་མཛད་སྒོ་གྲོལ། ད་ཐེངས་ཚོགས་འདུ་ཉིན་གསུམ་རིང་ཚོགས་ཏེ་ལས་བསྡོམས་དང་། རྩིས་ཁྲ། སྔ་ལོའི་གྲོས་ཆོད་བསྐྱར་ཞིབ། མ་འོངས་ལས་གཞི་གསར་གཏོད་དང་ཚགས་ཚུད་གཏོང་ཕྱོགས་བཅས་ཀྱི་སྐོར་ལ་གོ་བསྡུར་ལྷུག་གླེང་གནང་རྒྱུ་ཡིན་འདུག
གཞི་རྩའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནི་ཕྱི་ལོ་ ༡༩༦༣ ལོར་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་ཏེ་རིམ་པས་བཙན་བྱོལ་བོད་མི་བརྒྱ་ཆ་ ༦༠ ཙམ་གྱི་ལས་ཡུལ་དང་ཡོང་འབབ་ཀྱི་བརྒྱ་ཆ་ ༡༥ གཞུང་ལ་འབུལ་བཞིན་པ་མ་ཟད། བོད་མི་རང་གིས་རང་ཁ་རང་གསོའི་གཞིས་མི་ཉམ་ཆུང་སྤྱི་དང་གཞིས་ཆགས་སྲ་བརྟན་སོགས་ལ་ཕན་རླབས་ཆེ་བའི་གཞུང་འབྲེལ་མིན་པའི་སྡེ་ཚན་ཞིག་ཡིན་འདུག་པ་བཅས། །