༢༠༡༡ ཟླ་ ༨ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༧ རེས་གཟའ་ཉི་མའི་སྔ་དྲོ། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་འོག་ཉེ་ཆར་གུང་སེང་དུ་ཕེབས་པའི་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། དེ་བཞིན་ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ། ས་གནས་བོད་ཀྱི་བུད་མེད་ཚོགས་པ་བཅས་ཀྱི་ཚོགས་གཙོ་དང་ཚོགས་མི་སོགས་ཐེ་ཝན་དུ་གནས་སྡོད་བོད་མི་སུམ་ཅུ་ལྷག་མཉམ་འཛོམས་ཀྱིས་བཞུགས་མོལ་ལྷན་ཚོགས་ཤིག་ཚོགས་ཡོད། དེ་བཞིན་ཕྱི་དྲོ་ཡུལ་ཁྲིམས་ལྟར་ཐེ་ཝན་བོད་རྒྱ་མཐུན་ཚོགས་དེབ་སྐྱེལ་གྱི་གྲ་སྒྲིག་ཚོགས་འདུ་ཐེངས་དང་པོ་ཡང་ཚོགས་གནང་ཡོད།
རེས་གཟའ་ཉི་མའི་གུང་སེང༌དང་སྟབས་བསྟུན་སྔ་དྲོ། དོན་གཅོད་ལས་ཁུངས་ཀྱི་ནང་ཆོས་འཛིན་ཁང་ནང་བོད་མི་རྣམས་མཉམ་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་གནང་ཡོད། དེ་ཡང་ཐོག་མར་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ཝན་ནང་གནས་སྡོད་བོད་མིའི་གནས་སྟངས་དང་། གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ངོ་སྤྲོད་གནང་ཞིང་། བོད་མི་མང་སྤྱི་འཐུས་གཡུ་སྒྲོན་ལགས་ཀྱིས་ཉེ་ཆར་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་རྫོགས་པ་མི་མང་ལ་རྩིས་སྤྲོད་མཛད་པ། དེ་བཞིན་བོད་ཡིག་ནང་བཙན་བྱོལ་བོད་གཞུང་ཞེས་པའི་མིང་བསྒྱུར་བཅོས་གནང་དགོས་པ་སོགས་ཀྱི་རྒྱུ་མཚན་དང་ངོ་སྤྲོད་གསལ་བཤད་གནང་ཡོད། དེ་ནས་ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་ཀྱིས་ཐེ་ཝན་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱིས་མུ་མཐུད་བོད་སྤྱི་པའི་ལས་དོན་ཐོག་ཕྱར་གྲུ་མཉམ་འདེགས་དང་། ཐེ་ཝན་ནང་རྒྱ་ནག་སྐམ་ས་ནས་རྒྱ་མི་རིགས་མང་པོ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་བཞིན་ཡོད་པར་བརྟེན། བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྣ་མང་སྤེལ་དགོས་པའི་བོད་མི་རྣམས་ལ་འབོད་སྐུལ་དང་། སྤྱི་འཐུས་གཡུ་སྒྲོན་ལགས་བརྒྱུད་བོད་མི་མང་སྤྱི་འཐུས་རྣམ་པས་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་འཆམ་མཐུན་རྡོག་རྩ་ཆིག་སྒྲིལ་དགོས་པ་སོགས་སྤྱི་འཐུས་ལྷན་ཚོགས་སུ་སྙན་སེང་ཡོང་བའི་རེ་སྐུལ་ཡང་གནང་ཡོད། དེ་བཞིན་ཚོགས་བཅར་བ་བོད་མི་ཁོང་རྣམས་ཀྱིས་དོགས་འདྲི་དང་། ཞུ་བསྐུལ་སོགས་གནང་བར་སྤྱི་འཐུས་གཡུ་སྒྲོན་ལགས་དང་། སྐུ་ཚབ་དོན་གཅོད་གཉིས་ཀྱིས་གསལ་བཤད་ཞིབ་ཕྲ་གནང་། མཐའ་དོན་སྤྱི་འཐུས་གཡུ་སྒྲོན་ལགས་ཀྱིས་ཐེ་ཝན་དུ་གནས་སྡོད་བོད་མི་རྣམས་འཆམ་མཐུན་ངང་གནས་དགོས་པ་དང་ལྷན་དཔྱ་ཁྲལ་ལག་དེབ་དུས་ཐོག་ཏུ་འབུལ་དགོས་པ་མ་ཟད། ཟླ་རེའི་ནང་བོད་མི་རྣམས་མཉམ་འཛོམས་གནང་ཐུབ་རྒྱུའི་རེ་སྐུལ་ཡང་གནང་ཡོད་པ་རེད།
གཞན་ཡང་ལྷན་ཚོགས་ཐོག་གསར་དུ་གཉེར་བའི་ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པའི་དྲ་བྱང་ངོ་སྤྲོད་དང་། འབྱུང་འགྱུར་དྲ་ལམ་བརྒྱུད་ཐེ་ཝན་དུ་གནས་སྡོད་བོད་མི་རྣམས་ཀྱིས་བོད་དོན་ལས་འགུལ་སྤེལ་བའི་གནས་ཚུལ་དང་འདྲ་པར་ཁག་དྲ་ལམ་ཐོག་ནས་ཁྱབ་བསྒྲགས་གནང་རྒྱུ་མ་ཟད། བོད་མི་ནང་ཁུལ་གྱི་གསལ་བསྒྲགས་སོགས་ཀྱང་དྲ་ལམ་ཐོག་ནས་སྤེལ་རྒྱུའི་ངོ་སྤྲོད་གནང་ཡོད།
ཕྱི་དྲོ་ཐེ་ཝན་བོད་རྒྱ་མཐུན་ཚོགས་དེབ་སྐྱེལ་གྱི་གྲ་སྒྲིག་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་ཞིང་། ཚོགས་འདུའི་ཐོག་ཐེ་ཝན་ཕྱོགས་ནས་དགེ་རྒན་ཆེན་མོ་བ་གསུམ་དང་མཐོ་སློབ་ཀྱི་སློབ་མ། བོད་མིའི་ཕྱོགས་ནས་ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་སོགས་མཉམ་འཛོམས་གནང་ཡོད་པ་བཅས། །
བོད་མི་མང་སྤྱི་འཐུས་དང་ཐེ་ཝན་དུ་གནས་སྡོད་བོད་མི་རྣམས་མཉམ་འཛོམས་ཀྱིས་བཞུགས་མོལ་ལྷན་ཚོགས་གནང་བ།
གསར་གནས།
འབྲེལ་གནས།