༢༠༡༡ ཟླ་ ༨ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༩ ཉིན་ཕྱེད་ཡོལ་ཆུ་ཚོད་ ༤ པའི་ཐོག་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྲི་ཞུ་བའི་ལས་བྱེད་ཡོངས་ལ་གསུང་བཤད་གནང་དོན། འདི་གར་ཕེབས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པས་གཙོས་སྲི་ཞུ་བའི་ལས་བྱེད་ཡོངས་ལ་ང་རང་གིས་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་ཐོབ་པར་ཐོག་མར་ཁྱེད་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མི་རིགས་ཀྱི་རྩ་དོན་འགྲུབ་ཆེད་ང་ཚོའི་སྒྲིག་འཛུགས་འདི་ཚགས་ཚུད་དང་རྒྱུན་གནས་ཐུབ་རྒྱུ་གལ་ཆེ་ཡིན་ལ་དེའི་ནང་ཞབས་ཕྱི་ལྷག་བསམ་རྣམ་ཐོག་ནས་སྒྲུབ་མཁན་རྣམ་པ་ཚོ་ཆགས་ཡོད། ང་ཚོས་སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ཡང་སྒོས་གཞིས་ལུས་མི་མང་གིས་རང་སྲོག་ཚུན་ཆད་བློས་གཏོང་གིས་བོད་ཀྱི་རྩ་དོན་ཆེད་བདེན་པའི་འཐབ་རྩོད་གནང་དང་གནང་བཞིན་ཡོད་པར་བརྟེན། ང་ཚོས་ཁོང་རྣམ་པས་སྐུ་ལས་བསྐྱོན་པ་དེ་དག་མ་བརྗེད་པའི་ཐོག་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། བཙན་བྱོལ་སྒྲིག་འཛུགས་འདི་ནི་སྐྱབས་བཅོལ་བ་གཞན་དང་བསྡུར་ན་ང་ཚོའི་སྒྲིག་འཛུགས་འདི་ཚགས་ཚུད་རེད་ཅེས་བརྗོད་ནས་མི་ཆོག་པ་མེད། དེ་དག་ནི་ཁྱེད་རྣམས་ཀྱིས་སྐུ་ལས་བསྐྱོན་པ་ལས་བྱུང་བ་ཞིག་རེད། ལོ་ལྔ་བཅུའི་རིང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཆེད་ང་ཚོའི་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་ཚད་མེད་བསྐྱོན་ཏེ་སྒྲིག་འཛུགས་འདི་ཧྲག་ཐག་ཐག་ཐོག་གནས་ཡོད། དེར་བརྟེན་ཁོང་རྣམ་པའི་རེ་བར་ཡོད་པ་ལྟར་ཁྱེད་རྣམས་ཀྱིས་ལས་ཀ་བྱེད་མུས་ཡིན་པ་མ་ཟད། ད་དུང་ཡང་སྔར་ལྷག་གནང་རྒྱུ་ཤིན་ཏུ་གལ་ཆེན་ཡིན། ད་ལྟའི་བོད་ཀྱི་གནད་དོན་ཛ་དྲག་ཐོག་གནས་ཡོད་པ་དེ་ཁྱེད་རྣམས་ནས་ཡིན་གཅིག་མིན་གཅིག་སེམས་ལ་འཇོག་རོགས་ཞུ་རྒྱུ་ཡིན། ང་ཚོ་མི་རབས་གསར་པའི་སྐབས་བོད་རྒྱལ་ཁབ་འཛམ་གླིང་གི་ས་ཁྲའི་ནང་གནས་དང་མི་གནས་སོགས་ཀྱི་ཐད་ངས་ག་དུས་ཡིན་ཡང་སེམས་འཚབ་བྱེད་བཞིན་ཡོད། གང་ལ་ཞེ་ན། རྒྱ་ནག་གཞུང་ནས་བོད་ནང་བོད་མི་རིགས་དང་རིག་གཞུང་། ཁོར་ཡུག་སོགས་གཏོར་བཤིག་གཏོང་མུས་ཁར་ཆབ་སྲིད་ཐོག་ནས་དམ་བསྒྲགས་བྱས་དང་བྱེད་བཞིན་རེད། ཉེ་ཆར་ཁམས་རྟའུ་ནས་དགེ་འདུན་པ་ཞིག་གིས་བོད་མི་རིགས་ཆེད་རང་སྲོག་མེར་སྲེག་བཏང་ཡོད་ལ། དེ་སྔོན་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་ཀྱང་དེ་ལྟར་གནང་ཡོད། དེར་བརྟེན་ང་ཚོ་སྲི་ཞུ་བའི་ལས་བྱེད་རྣམས་ནས་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་གནས་སྟངས་ཤེས་པའི་ཐོག་ནས་ལས་ཀ་བྱེད་སྐབས་གང་ཐུབ་ཅི་ཐུབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ང་རང་ཕྱི་ཟླ་ ༥ ནང་འདི་གར་ཡོང་སྐབས་ཉིན་དང་པོར་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་མཇལ་བྱུང། སྐབས་དེ་དུས་ཁོང་གིས་ང་ལ་བཀའ་གསལ་པོ་ག་རེ་གནང་བྱུང་ཞེ་ན། ཁྱེད་རང་བཀའ་ཁྲི་གསར་པར་ཡོང་གི་ཡོད། དེར་བརྟེན་ཁྱེད་རང་ལ་འཆར་གཞི་དང་བསམ་ཚུལ་ཞིག་ཡོད་པ་རེད། ཁྱེད་རང་ལ་འཆར་གཞི་དང་བསམ་ཚུལ་ག་རེ་ཡོད་ཀྱང་ཐེ་ཚོམ་མེད་པའི་སྒོ་ནས་ལག་ལེན་བསྟར་དགོས། ཡང་ངས་ད་ལྟའི་འཆར་གཞི་བཏིངས་བ་དང་ལག་ལེན་བསྟར་བ་དེ་དག་བསྒྱུར་བཅོས་གཏོང་དགོས་པ་སོགས་ག་རེ་བྱེད་རྒྱུ་ཡོད་ཀྱང་ངའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན། གང་ལ་ཞེ་ན། སྐབས་དང་དུས་ལ་དཔག་པའི་འགྱུར་བ་འགྲོ་གི་ཡོད་སྟབས། དེར་དཔག་པའི་གསར་གཏོད་དང་བསྐྱར་ཞིབ་བྱས་ཐོག་བསྒྱུར་བ་གཏོང་རྒྱུ་དེ་ཁྱེད་རང་གི་འགན་ཆགས་ཡོད། བསྒྱུར་བ་ག་རེ་གཏང་ཡང་རྒྱབ་སྐྱོར་ཡོད་ཅེས་གསུངས་བྱུང་། དེ་བཞིན་སྲི་ཞུ་བའི་ལས་བྱེད་རྣམས་ཀྱིས་སོ་སོའི་ལས་ཀ་ཁོ་ན་མ་ཡིན་པར་རྒྱལ་སྤྱི་དང་བོད་ཀྱི་གནས་སྟངས་ཤེས་རྒྱུ་གལ་ཆེན་ཡིན་ཞེས་གསུང་བཤད་གནང་བ་མ་ཟད། ད་དུང་ཁོང་གིས་ལས་བྱེད་ཚོར་ཟབ་སྦྱོང་སྤྲོད་རྒྱུ་དང་། སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་གནང་རྒྱུ། ལོ་རེར་ཚོགས་ཆེན་ཁག་གཉིས་རེ་འཚོགས་རྒྱུ་དང་། བགྲོ་གླེང་བྱེད་རྒྱུ། ཁྱད་ལས་པར་ལས་ཀའི་གོ་སྐབས་སྤྲོད་རྒྱུ། དམིགས་བསལ་ཤེས་ཡོན་ཐོག་འབད་བརྩོན་གནང་རྒྱུ་སོགས་འཆར་གཞི་ཁག་གི་ཐོག་ལའང་གསུང་བཤད་ཀྱང་གནང་ཡོད་པ་བཅས། །
བཀའ་ཁྲི་མཆོག་གིས་སྲི་ཞུ་བའི་ལས་བྱེད་ཡོངས་ལ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།