༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བཀའ་ཤག་གི་ཚོགས་ཁང་ནང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རིགས་གསར་འགོད་མཐུན་ཚོགས་ཀྱིས་ཇི་ལྟར་རེ་འབོད་ཞུས་དོན་ལྟར་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད། དེ་ཡང་བོད་རིགས་གསར་འགོད་པ་ ༤༠ བརྒལ་བ་འདུ་འཛོམས་ཐོག་དྲི་བ་མ་ཕུལ་གོང་གསུང་བཤད་གནང་དོན། ད་ལྟ་འདིར་ཕེབས་པའི་གསར་འགྱུར་བརྒྱུད་ལམ་གྱི་ཕྱག་ལས་གནང་མཁན་ཚང་མར་ང་དང་བཀའ་ཤག་གི་ངོས་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བར་ལམ་ཞིག་ནས་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་གི་སྐབས་བཅུ་གསུམ་པའི་བཀའ་ཤག་ལས་ཡུན་མ་རྫོགས་གོང་བཅར་འདྲི་ཞུ་རྒྱུའི་གོ་སྐབས་དགོས་ཡོད་སྐོར་གསུང་མཁན་མང་པོ་བྱུང་སོང་སྟེ་གོ་སྐབས་ཕུལ་ཐུབ་མ་སོང་བར། དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། སྔོན་མའི་འཆར་གཞིའི་ནང་མེད་པའི་ཕྱོགས་བསྐྱོད་ཁ་ཤས་ད་བར་བྱེད་དགོས་བྱུང། ལྷག་པར་བར་ལམ་ཨ་རིར་ཁྱུག་ཙམ་ཕྱིན་པ་དེས་ཉིན་མ་གང་ཙམ་འགོར་བར་བརྟེན། ཐོག་མར་འཆར་གཞི་སྒྲིག་པ་ལྟར་མ་བསྡད་པར་ད་ལྟ་རྩིས་སྤྲོད་རྩིས་ལེན་སྔོན་གྱི་ལས་ཀ་མང་པོ་ཞིག་མ་ཚར་བའི་དབང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་དུས་ཚོད་འདོན་ཐུབ་མ་སོང། དེ་རིང་འདིར་ཚང་མ་ལྷན་ཅིག་ཕེབས་ཡོད་སྟབས། ཁྱེད་རང་ཚོའང་དུས་ཚོད་བསྲི་ཚགས་བྱུང་བ་རེད་ལ་ང་ཚོ་ཡང་བསྲི་ཚགས་བྱུང་སོང། དེར་བརྟེན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོའི་བཀའ་འདྲི་གང་གནང་རྒྱུ་ཡོད་ཀྱང་འཛེམས་ཟོན་མེད་པའི་ཐོག་གསལ་པོར་བཀའ་འདྲི་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་གྲུབ་རྗེས་གསར་འགོད་པ་ཚོས་དྲི་བ་དྲིས་ལན་འགོ་བཙུགས་ཡོད།
དྲི་བ། རིན་པོ་ཆེ་མཆོག་གིས་ལས་ཡུན་ལོ་བཅུའི་རིང་ལ་ལས་གཞི་གང་འདྲ་ཞིག་གི་ཐོག་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་པ་དང། ལས་གཞི་གང་གི་ཐོག་འདོད་བློ་མ་ཁེངས་པ་བྱུང་ཡོད་དམ། དེ་བཞིན་ཤེས་ཡོན་སྲིད་བྱུས་དང་། དཔལ་འབྱོར་སྲིད་བྱུས། སྲོལ་རྒྱུན་འདེབས་ལས་ཀྱི་ཐོག་རིན་པོ་ཆེ་མཆོག་ལ་དགོངས་ཚུལ་གང་བྱུང་ཡོད་དམ།
ལན། དྲི་བ་མང་པོ་ཞིག་མཉམ་དུ་གནང་བར་བརྟེན་དྲི་བ་གཞི་རྒྱ་ཆེན་པོ་བྱུང་སོང། དང་པོ་དེ་ལོ་བཅུའི་རིང་ལས་དོན་འདི་ཡག་པོ་བསྒྲུབས་སོང་བསམ་པའི་བློ་ཁ་ཚིམ་པ་གང་བྱུང་ཞེས་བཀའ་འདྲི་གནང་བ་དེར། བློ་ཁ་ཚིམ་པ་གཅིག་ཀྱང་མ་བྱུང་ཞེས་ཞུ་རྒྱུ་ཡིན། ང་བཀའ་བློན་ཁྲི་པ་མ་བྱས་གོང་འཛིན་སྐྱོང་ནང་བསླེབས་ནས་ལས་ཀ་བྱེད་རྒྱུ་མི་འདུག་ཅེས་ཚོགས་གཙོ་ཚར་བའི་བཟོད་གསོལ་གྱི་ནང་ཧ་ཅང་གསལ་པོ་ཞུས་ཡོད། དེར་བརྟེན་ཐོག་མ་ང་རང་སླེབས་སྐབས་ལས་དོན་མང་པོ་ཞིག་བསྒྲུབ་ཀྱི་རེད་བསམ་པའི་རེ་བ་དང་སྤོབས་པ་གང་ཡང་ཡོད་མ་རེད་ལ་དངོས་སུ་ལག་བསྟར་བྱས་པའི་སྐབས་སུའང་ལོ་བཅུའི་སྐད་ཆ་ཁོ་ན་མ་རེད། ང་ཝ་ར་ཎ་སིར་ལོ་ ༣༠ བསྡད་པ་རེད། ཝར་ཎར་ལོ་སུམ་ཅུ་བསྡད་ནས་འགྲོ་སྐབས་ལོ་སུམ་ཅུའི་ནང་ལས་ཀ་འདི་ངའི་དམིགས་ཚད་དང་བསམ་བློ་དང་མཐུན་པ་གཅིག་ཀྱང་བྱུང་མ་སོང་ཞེས་ངས་དེ་དུས་ཡོང་ཁྱབ་གསལ་བསྒྲགས་བྱས་པ་ཡིན། འདིར་སྤྱི་འཐུས་ཚོགས་གཙོ་དང་བཀའ་བློན་ཁྲི་པ་བྱས་ནས་ལོ་ཉི་ཤུ་ཕྱིན་པ་རེད། དེའི་རིང་ལས་དོན་འདི་བརྒྱ་ཆ་བརྒྱ་ཐམ་པ་ངས་བསམ་པ་བཞིན་བསྒྲུབས་སོང་ཞེས་ཞུ་རྒྱུ་གཅིག་ཀྱང་མེད།
དྲི་བ་གཉིས་པ་འདི་འགྲིག་མ་སོང་བསམ་པའི་བློ་ཕམ་བྱེད་རྒྱུའི་གནས་ཚུལ་གང་དང་གང་བྱུང་སོང་གསུངས་པ་དེར་ཟུར་དུ་འདོན་རྒྱུ་གང་ཡང་མེད། ཐོག་མར་བསམ་བློའི་ནང་ནས་ཚང་མ་བློ་འདོད་ཁེངས་པ་ཞིག་ཡོང་གི་མ་རེད་བསམ་པའི་གོ་རྟོགས་དེ་ཡོད་པར་བརྟེན། གྲ་མ་འགྲིག་མ་དེ་ཚོར་དམིགས་བསལ་བློ་ཕམ་གང་ཡང་བྱེད་ཀྱི་མེད། འདིའི་ཐོག་ངས་འབད་བརྩོན་ཆ་ཚང་བྱུང་མ་སོང་བསམ་པ་དེ་འདྲ་གཅིག་ཀྱང་མེད། ལས་དོན་བསྒྲུབས་པ་དང་མ་བསྒྲུབ་པ་གང་ཡིན་ཡང་གང་བརྩམས་པ་དེར་ཐོག་མ་འཆར་གཞི་སྒྲིག་དུས་གཟབ་གཟབ་བྱས་ཏེ་ཞིབ་འཇུག་བྱེད་རྒྱུ་དང། འཆར་གཞི་སྒྲིག་པའི་རྗེས་ནུས་པ་གང་ཡོང་བཏོན་ནས་སྒྲུབ་ཐབས་བྱས་པ་རེད། དེའི་ཐོག་ངས་འབད་བརྩོན་བྱེད་རྒྱུ་མ་སོང་བསམ་པའི་གནོང་འགྱོད་གཅིག་ཀྱང་མེད་ཞུ་རྒྱུ་ཡིན།
དཔལ་འབྱོར་གྱི་སྲིད་བྱུས་དེ་ག་རང་རེད། བུ་ལོན་མེད་ན་ཕྱུག་པོ་ཡིན་ཟེར་རྒྱུ་དེ་ང་ཚོའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་རེད། དེ་ཡིན་པ་དེ་ངས་གྲོས་ཚོགས་ནང་ཞུས་ཡོད། ང་ཚོ་བཀའ་ཤག་ནང་སླེབས་སྐབས་བོད་གཞུང་གི་དཔལ་འབྱོར་གྱི་གནས་བབ་དེ་ཧ་ཅང་ཉེན་ཁ་ཅན་ཞིག་གི་ཐོག་གནས་འདུག དང་པོ་ང་ཚོས་དེ་ཙམ་གྱི་གཏིང་ཟབ་ཤེས་ཀྱི་མེད། ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་དང། རྩིས་ཞིབ་ཀྱི་སྙན་ཐོའི་ནང་དཔལ་འབྱོར་གྱི་གནས་བབ་ཕྲན་བུ་སྐྱོ་བོ་ཡོད་པ་གསལ་ཡོད། འོན་ཀྱང་དངོས་སུ་བཀའ་ཤག་གི་ལས་དོན་འགོ་འཛུགས་བྱས་ཏེ་དངོས་ཡོད་གནས་སྟངས་དང་བསྡུར་སྐབས་ཚོང་ལས་སྡེ་ཚན་ཉི་ཤུ་རྩ་གྲངས་ཤིག་ཡོད་པའི་ནང་ནས་གྱོང་མེད་མཁན་བཞི་ཙམ་ལས་མི་འདུག གཞན་ཚང་མ་གྱོང་ཐོག་འགྲོ་བཞིན་འདུག བསྡོམས་བརྒྱབ་སྟེ་ཞུས་ན་ང་ཚོ་བཀའ་ཤག་ནང་སླེབས་སྐབས་གྱོང་གུན་གྱི་གནས་བབ་དེ་མ་རྩའི་ཐོག་ནས་གྱོང་གུན་ཆགས་པའི་གནས་བབ་དེ་ས་ཡ་གསུམ་ལྷག་ཙམ་གྱི་གནས་སྟངས་ཐོག་གནས་འདུག བུན་ནག་དང་ཡོང་རྒྱུ་བྲལ་པའི་དངུལ་འབོར་གྱི་གནས་སྟངས་དེ་ས་ཡ་ལྔ་ཡས་མས་ཀྱི་གནས་བབ་ཐོག་བསྡད་འདུག ལོ་ལྟར་བུ་ལོན་གྱི་སྐྱེད་ཀ་སྤྲད་དགོས་རྒྱུ་དེ་ས་ཡ་མང་པོ་རེད། དེ་དུས་ང་ཚོས་རྩིས་རྒྱག་སྐབས་དེ་བཞིན་འགྲོ་རུ་བཅུག་ན་ལོ་དྲུག་གི་ནང་མི་མང་གི་བུ་ལོན་ཡོངས་སུ་རྫོགས་པ་ང་ཚོའི་གྱོང་གུན་ནང་ཐིམ་འགྲོ་ས་རེད་ལ། གཞུང་གི་འགྲོ་སོང་གཏོང་རྒྱུར་དངུལ་གཅིག་ཀྱང་མ་ལྷག་པར་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་འདུག མ་འོངས་པར་དེ་དག་ཞིབ་ཚགས་གཟིགས་འདོད་ཡོད་ན་བཀའ་ཤག་གི་ལས་བསྡོམས་དེ་ཟླ་བ་གཅིག་གཉིས་རྗེས་པར་འགྲེམས་ཡོང་གི་རེད། དེའི་ནང་ཞིབ་ཚགས་པོར་རྩིས་སྐོར་ནས་ཡོད། ད་ལྟ་ངས་འདིར་ཞུ་སྐབས་དངུལ་གྲངས་དེ་དག་ཇེ་མ་ཇི་བཞིན་ཏག་ཏག་ངག་ཐོག་ནས་སྐྱོར་ཐབས་མི་འདུག དེར་བརྟེན་ཐོག་མར་གྲོས་ཚོགས་ནང་སྙན་སེང་ཞུས་པའི་སྐབས་གྱོང་གུན་ཆེ་བ་ཁ་ཤས་ཤིག་འཕྲལ་དུ་སྒོ་བརྒྱབ་ཀྱི་ཡིན། གཞན་པ་དེ་དག་ལོ་ལྔ་ནས་བཅུའི་བར་འགྱུར་བ་གཏོང་གི་ཡིན་ཞེས་ཞུས་ཡོད། འོན་ཀྱང་ཞིབ་ཚགས་པོར་བལྟས་སྐབས་ལོ་ལྔ་དང་བཅུ་སྒུག་རྒྱུའི་གོ་སྐབས་རྩ་བ་ནས་མི་འདུག གལ་ཏེར་ལོ་ལྔ་དང་བཅུ་སྒུག་ན་རི་ལུགས་པ་ཐག་པས་མི་བསྡོམས་ཞེས་པ་ཡོང་རྒྱུར་དངོས་ཡོད་གནས་ཚུལ་རེད་འདུག དེར་བརྟེན་ཛ་དྲག་གི་ཐོག་ནས་ལོ་གཉིས་ཀྱི་ནང་ཆ་ཚང་གཙང་མ་བཟོ་རྒྱུར་ཐབས་ཤེས་མ་བྱས་རང་བྱེད་བྱུང་བ་རེད། དེ་ཚོ་འཆར་གཞི་དང་ལྡན་པའི་ཐོག་ནས་རྒྱ་གར་གཞུང་གི་མ་རྩ་ཕྱིར་འཐེན་བྱེད་རྒྱུའི་རིག་པའི་གཞུང་ལུགས་དང་སྲིད་བྱུས་དེ་ཚོ་ནས་སློབ་སྦྱོང་བླངས་ཏེ་འཆར་གཞི་ལྡན་པའི་ཐོག་ནས་བྱས་པ་རེད། དེར་བརྟེན་དྲི་བ་དང་པོ་དེའི་ལན་ལ་དཔེར་ན། ལས་དོན་ཁ་ཤས་ཀྱི་ནང་ནས་ཡག་པ་གང་བྱུང་ཡོད་ཅེས་གསུངས་ན་དཔལ་འབྱོར་ཉམས་ཆག་སྲུང་སྐྱོབ་བྱེད་རྒྱུ་དེ་བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ལས་དོན་གྱི་ནང་ནས་ལས་དོན་གཟེངས་སུ་ཐོན་པ་དེ་ཚོའི་ནང་རྩིས་ན་འགྲིག་གི་རེད། ད་ལྟའི་གནས་སྐབས་ལ་བུ་ལོན་སྤྲད་མ་དགོས་རྒྱུ་དང་། བུ་ལོན་སྤྲོད་མི་དགོས་པ་ཆགས་ནས་མི་མང་གི་ཡིད་ཆེས་བྱས་ནས་བཅོལ་བའི་དངུལ་དེ་གཞུང་གི་བུན་ནག་ནང་མ་ཐིམ་པ་དེ་བློ་བདེའི་གནས་སྟངས་ཤིག་བྱུང་བ་རེད། ད་ལྟའི་གནས་སྐབས་ཀྱི་དཔལ་འབྱོར་དེ་དང་པོ་དཔལ་འབྱོར་གཙང་མ་གཙང་ཀྱང་ཡིན་པ་དང་། དངུལ་ནག་པོ་མེད་པ། ཁྲིམས་འགལ་མེད་པ། ཁྲལ་རྐུ་མ་རྐུས་མེད་པ། རྩིས་ཁྲ་རྒྱབ་མདུན་གཉིས་བཞག་མེད་པ། བདེན་པ་དང་འཚེ་བ་མེད་པར་གཞི་བཅོལ་བའི་དཔལ་འབྱོར་ཞིག་རེད། ད་ལྟའི་མ་དངུལ་རྩ་འཛུགས་ཀྱི་སྐྱེད་ཀ་དང་དང་བླངས་དཔྱ་དངུལ་གཉིས་པོ་ང་ཚོའི་གཏན་འཇགས་ཀྱི་ཡོང་འབབ་རེད། དེ་གཉིས་ཀྱི་ཐོག་ནས་གཞུང་གི་རྒྱུན་གྲོན་ཧ་ལམ་འདང་གི་ཡོད། འཆར་གཞིའི་ཐོག་གཏོང་རྒྱུའི་དམིགས་བཀར་ཞེེས་པ་དེ་དངུལ་རག་ན་ལས་གཞི་ལག་བསྟར་བྱེད་རྒྱུ་རེད། དངུལ་མ་རག་ན་ལས་གཞི་ལག་བསྟར་བྱེད་རྒྱུ་མེད། རྒྱུན་ལྡན་ཕོགས་རྒྱག་རྒྱུ་དང་ལས་ཁུངས་སོ་སོའི་ཉིན་རེ་ཉིན་རེའི་ལས་ཀ་བྱེད་དགོས་རྒྱུར་དངུལ་དེ་མེད་ན་ལས་ཁུངས་སྒོ་ཐེབས་ཀྱི་རེད་ཟེར་བའི་གནས་སྟངས་མེད། དང་བླང་དཔྱ་ཁྲལ་ཡང་ཉུང་དུ་འགྲོ་གི་མ་རེད་སྙམ་གྱི་འདུག རྩ་འཛུགས་མ་དངུལ་ནི་སྐྱེད་ཀ་ཡང་གང་ཡོད་པ་དེ་སྡོད་ཀྱི་རེད་མ་གཏོགས་ཉུང་དུ་འགྲོ་རྒྱུ་མེད། དེ་གཉིས་ཀྱི་ཐོག་ནས་རྒྱུན་གྲོན་འདང་ངེས་ཅན་ཞིག་ཡོད། དེར་བརྟེན་དཔལ་འབྱོར་རང་ཚུགས་ཐུབ་པ་འདྲ་བ་ཞིག་ལ་ཆ་བཞག་ན་སྐྱོན་མེད།
ཤེས་ཡོན་སྲིད་བྱུས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་མཐུན་གྱི་མི་འདུག་ཅེས་གསུངས་རྒྱུ་དེ་ཕྲན་བུ་དགོངས་པ་བཞེས་ཕྱོགས་དང་གསུང་ཕྱོགས་དེ་མཐོ་ཐག་ཆོད་པ་རེད་བསམ་གྱི་ཡོད། ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་རྒྱུའི་རྒྱབ་ལྗོངས་ཀྱི་གཞི་རྩ་འཇོག་ས་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ ༤༠ ནང་ཤེས་ཡོན་གྱི་ཐོག་བཀའ་སློབ་སྩལ་བའི་གནས་ཚུལ་དེ་ཚོ་གཞིར་བཟུང་བྱས་ཏེ་བཟོས་པ་རེད། མཐའ་མ་དེར་ཟིན་བྲིས་གཏན་འབེབས་མ་བྱས་གོང་༸གོང་ས་མཆོག་དབུ་བཞུགས་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་སྔ་རྗེས་ཚོགས་པ་རེད། མཐའ་མའི་ཟིན་བྲིས་གྲོས་ཚོགས་ལ་མ་ཕྱིན་གོང་ལའང་ཚིག་འབྲུ་རེ་རེ་བཞིན་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཐུགས་ཞིབ་མཛད་དེ་བཀའ་འཁྲོལ་ཐོབ་པ་ཞིག་རེད། དེ་ལྟ་བུ་སྤྱི་ཚོགས་ཀྱི་ནང་དགོངས་ཚུལ་ཡོད་ན་དགོངས་ཚུལ་དེ་མ་དག་མ་དཔྱད་པའི་དགོངས་ཚུལ་ཞིག་དང་། ཞིབ་ཚགས་པོ་མ་དཔྱད་པའི་དགོངས་ཚུལ་རེད། ༸གོང་ས་མཆོག་གིས་དེང་རབས་ཀྱི་ཤེས་ཡོན་གལ་ཆེན་པོ་རེད་ཅེས་བཀའ་སྩལ་བ་དེ་དངོས་ཡོད་ཀྱི་གནས་སྟངས་རེད། འདས་པའི་དུས་ན་ང་ཚོ་དེང་རབས་ཀྱི་ཤེས་ཡོན་ལ་རྗེས་ལུས་ཐེབས་པའི་དབང་གི་བོད་ནང་མ་འདང་བ་མང་པོ་བྱུང་ཡོད། འོན་ཀྱང་དེང་རབས་ཀྱི་ཤེས་ཡོན་རྐྱང་པའི་ཁྱོག་གི་རེད་ཅེས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དུས་ནམ་ཡང་བཀའ་སློབ་སྩལ་མེད། ༸གོང་ས་མཆོག་གིས་ ༦༠ ཐམ་པའི་ལོར་ཌལ་ཧོར་དུ་སྩལ་བའི་བཀའ་སློབ་ནས་རྩིས་པའི་ ༢༠༠༣ བར་གྱི་བཀའ་སློབ་ཚང་མའི་ནང་ཁྱེད་རང་ཚོས་ཞིབ་འཇུག་གནང་ན། ༸གོང་ས་མཆོག་གིས་དེང་རབས་ཀྱི་ཤེས་ཡོན་བྱུང་ན་འགྲིག་གི་རེད། སྲོལ་རྒྱུན་གྱི་ཤེས་ཡོན་དགོས་ཀྱི་མ་རེད་ཅེས་དུས་ནམ་ཡང་བཀའ་སྩལ་མྱོང་མེད། ཤེས་ཡོན་སྲིད་བྱུས་ཀྱི་ནང་དེང་རབས་དང་སྲོལ་རྒྱུན་གཉིས་ཀྱི་ནང་ནས་སྲོལ་རྒྱུན་གཙོ་ཆེ་བ་བྱེད་ཀྱི་ཡིན་ཟེར་རྒྱུ་དེ་ངེས་པར་དུ་ཆེད་དུ་གཉེར་ནས་བཀོད་ཡོད། དེང་རབས་ཀྱི་ཤེས་ཡོན་མེད་མཁན་སྲོལ་རྒྱུན་གྱི་ཤེས་ཡོན་ཆ་ཚང་ཡོད་མཁན་ཞིག་བྱུང་ན་མི་དེ་བོད་པ་ཞིག་ཆགས་ཀྱི་རེད། དེང་རབས་ཀྱི་ཤེས་ཡོན་མེད་པའི་དབང་གིས་ཁོ་ལ་ཞན་ཆ་མང་པོ་ཡོང་གི་རེད། འོན་ཀྱང་མི་དེ་བོད་པ་མིན་པ་ཞིག་ཆགས་ཀྱི་མ་རེད། བོད་མི་རིགས་ཀྱི་རྒྱུན་དེ་འཛིན་ཐུབ་མཁན་ཞིག་ཆགས་ཀྱི་རེད། དེང་རབས་ཀྱི་ཤེས་ཡོན་མ་གཏོགས་སྲོལ་རྒྱུན་གྱི་ཤེས་ཡོན་ཁྱོ་ནས་མེད་པ་ཞིག་ཆགས་ན་མི་དེ་བོད་པ་ཞིག་ཆགས་ཀྱི་མ་རེད། བོད་པ་མིན་པའི་མི་ཞིག་གིས་བོད་པའི་རིག་གཞུང་དང་མི་རིགས་ཀྱི་ལ་རྒྱ་འཛིན་གྱི་ཡིན་ཞེས་བརྗོད་ན་ཆོག་དང་ཆོག་གི་རེད། དེ་སང་བོད་ཀྱི་ཆོས་དང་རིག་གཞུང་མང་ཆེ་བ་ཞིག་མགོ་སེར་པོས་འཛིན་སྐྱོང་བྱེད་ཀྱི་ཡིན་ཟེར་གྱི་ཡོད། བཀའ་འགྱུར་བསྟན་འགྱུར་ཡང་མགོ་སེར་པོའི་བདག་པོ་བརྒྱབ་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད་རེད་མ་གཏོགས་བོད་པའི་ན་གཞོན་ཚོས་བཀའ་འགྱུར་བསྟན་འགྱུར་བདག་པོ་བརྒྱབ་ཀྱི་ཡིན་ཟེར་མཁན་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་བོད་མི་རང་གཅིག་གི་ངོ་བོའི་ཐོག་ནས་བསམ་བློ་བཏང་ན་བོད་མི་རིགས་ཡིན་པ་དེ་བརྒྱུད་པ་ཁོ་ནའི་ཕ་མ་བོད་པ་ཡིན་པ་ཙམ་གྱི་ཕན་ཐོགས་རྒྱུ་མེད། བོད་པ་ཡིན་པའི་རྣམ་འགྱུར་ཞིག་མི་ཁོ་རང་གི་ཀུན་སྤྱོད་དང་ཡོན་ཏན་གྱི་ཐོག་ནས་ཐོན་དགོས་ཀྱི་ཡོད་ཙང། ང་ཚོས་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་གཉིས་ཀར་གལ་ཆེ་ཆུང་གཅིག་པ་རྩིས་ཡོད། སྔོན་མ་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་འདབ་ཤོག་གཉིས་ལྡན་ཞེས་པ་ངག་རྒྱུན་ཞིག་ཆགས་ཡོད། འདབ་ཤོག་གཉིས་ལྡན་ཞེས་པ་དེ་ངག་རྒྱུན་ཆགས་རྒྱུ་དེ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་རིམ་པས་ནང་ནས་ཚུར་དྲངས་ནས་ངག་རྒྱུན་ཆགས་པ་ཞིག་རེད། དེར་བརྟེན་ཤེས་ཡོན་སྲིད་བྱུས་དེ་ང་ཚོས་གཏན་ལ་ཕབ་པའི་སྲིད་བྱུས་མང་པོ་ཞིག་གི་ནང་ནས་ཡག་ཤོས་དང་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་དང་མཐུན་ཤོས། ཕྱོགས་མཚུངས་ཕུགས་རྒྱང་རིང་པོར་མི་རབས་ནས་མི་རབས་བརྒྱུད། དཔེར་ན། ད་ལྟ་ནས་རྩིས་པའི་ལོ་ ༡༠༠།༡༥༠ རྗེས་ལའང་བོད་པ་ཚོས་ཕྱིར་ལྟས་ཤིག་སློག་ན། ད་ལྟའི་ཤེས་ཡོན་སྲིད་བྱུས་དེ་རླབས་ཆེན་གྱི་ཤེས་ཡོན་སྲིད་བྱུས་ཤིག་རེད་འདུག་བསམ་པའི་གོ་རྟོགས་དང་རྗེས་སུ་ཡི་རང་བྱེད་ཀྱི་རེད། དེ་དང་ཕྱོགས་མཚུངས་དེང་རབས་ཀྱི་ཤེས་ཡོན་རྩེ་མོར་སོན་པ་མང་པོས་ང་ཚོའི་ཤེས་ཡོན་སྲིད་བྱུས་ནས་དཔེ་བླངས་པ་དང་བསྔགས་བརྗོད་བྱེད་ཀྱི་ཡོད། ལག་བསྟར་བྱེད་ཐུབ་མ་ཐུབ་དེ་ཁྲོམ་རའི་སྐད་ཆ་རེད། སྲིད་བྱུས་ཀྱི་སྐྱོན་དང་ཡོན་ཏན་དེ་སྲིད་བྱུས་དེའི་ངོ་བོའི་གནས་བབ་ཅིག་རེད། སྲིད་བྱུས་ཀྱི་ངོ་བོའི་གནས་བབ་ཐོག་ནས་ཧ་ཅང་ཡག་པོ་ཆགས་ཡོད། དེར་བརྟེན་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་དོགས་པ་དང་ཐེ་ཚོམ་སྤུ་ཙམ་ཡང་མེད། དེ་ཏག་ཏག་འགྲིག་ཡོད་བསམ་གྱི་ཡོད། སྐྱེ་ལྡན་སྲོལ་རྒྱུན་གྱི་ཐོག་བཀའ་འདྲི་གནང་བ་རེད། སྐྱེ་ལྡན་སྲོལ་རྒྱུན་ཐོག་ཕེབས་ན་ཕེབས་པ་རེད། མ་ཕེབས་ན་ང་ཚོས་བཙན་དབང་བྱས་ཏེ་ཕེབས་དགོས་ཀྱི་རེད་ཅེས་ཞུ་གི་མེད། དཀའ་ལས་ཁག་པོ་ཡོད་པ་རེད་ཅེས་གསུངས་པ་རེད། དཀའ་ལས་ཁག་པོ་ཡོད་པ་རེད། དཀའ་ལས་མེད་མཁན་གྱི་ལས་ཀ་གཅིག་ཀྱང་མེད། རྫས་སྦྱོར་གྱི་སོ་ནམ་བྱེད་མཁན་ལའང་དཀའ་ལས་མེད་པ་མ་རེད་དཀའ་ལས་ཡོད། རྫས་སྦྱོར་གྱི་སོ་ནམ་ལ་དཀའ་ལས་གཅིག་ཀྱང་མེད་པ་དང་སྐྱེ་ལྡན་གྱི་སོ་ནམ་ལ་དཀའ་ལས་ཆེན་པོ་ཞིག་ཡོད་པ་ཡིན་ན་དེར་ཐུགས་ཁག་མེད། དཀའ་ལས་ཡོད་པ་འདྲ་འདྲ་ཡིན་པ་གང་ཞིག་ལ་ཕུགས་གཏན་འཕེར་བ་དེ་དཀའ་ལས་ཆེ་བ་ཡིན་ནའང་ཁྱད་པར་གང་ཡང་མེད། ལར་ནས་ནུབ་ཕྱོགས་རྒྱལ་ཁབ་དེ་ཚོས་ཅིའི་ཕྱིར་དངུལ་མང་པོ་བཏང་སྟེ་རོགས་རམ་བྱེད་ཀྱི་ཡོད། དེ་ཁོང་ཚོའི་ཕུགས་ཀྱི་དམིགས་ཡུལ་དེ་ག་རང་རེད། འཇིག་རྟེན་འདིའི་ནང་ཡོད་པའི་འགྲོ་བ་མི་དེ་དག་ལྟོགས་ཤི་མ་ཐེབས་པ་ཞིག་དགོས་ཀྱི་ཡོད་ན། (Cancer)སྐྲན་ནད་ཀྱི་ཚང་མ་མ་ཤི་བ་ཞིག་དགོས་ཀྱི་ཡོད་ན་སྐྱེ་ལྡན་སོ་ནམ་ཐོག་འགྲོ་ན་མ་གཏོགས་ལམ་གཞན་མེད། དེ་ཡིན་པ་དེ་ནུབ་ཕྱོགས་པས་ཤོད་ཀྱི་ཡོད་པ་རེད་མ་གཏོགས་ང་ཚོའི་སྐད་ཆ་གང་ཡང་མ་རེད། དེ་ཚང་མས་ཡོངས་གྲགས་ཀྱི་སྐད་ཆ་ཞིག་ཆགས་ཡོད། ད་ལྟ་ཕྱིའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོའི་ནང་སྐྱེ་ལྡན་སོ་ནམ་གྱི་ཐོག་དམིགས་བསལ་འབད་བརྩོན་བྱེད་མཁན་ཧ་ཅང་མང་པོ་རེད། དེར་བརྟེན་ཁྲོམ་གྱི་ནང་དུའང་སྐྱེ་ལྡན་གྱི་ཟ་འབྲུ་དང་ཤིང་ཏོག་དེ་དག་རྒྱུན་ལྡན་གྱི་རྫས་སྦྱོར་ལས་བྱུང་བ་དེ་དག་ལས་ཧ་ལམ་ལྡབ་ཀྱི་གོང་ཆེ་བ་ཡོད་པ་དེ་དགོས་མཁོ་ཞིག་མཐོང་ནས་གོང་སྤྲོད་ཀྱི་ཡོད། ད་ལྟ་ང་ཚོ་སྐྱེ་ལྡན་ལ་མ་ཕྱིན་པར་དཀའ་ལས་འདུག་ཟེར་ནས་དབྱུག་ནའང་། ད་ལྟ་ནས་རྩིས་པའི་ལོ་ ༥༠།༦༠ ནང་ཟ་དགོས་ན་སྐྱེ་ལྡན་སོ་ནམ་ཐོག་འགྲོ་རྒྱུ་རེད། ཟ་མ་དགོས་ན་ཤིང་དང་རྡོ་བཟས་ནས་གྲོད་པ་རྒྱག་གི་ཡོད་ན་གནས་ཚུལ་ཐ་དད་རེད། འབྲུ་ཞིག་ཟ་དགོས་ཀྱི་ཡོད་ན་སྐྱེ་ལྡན་སོ་ནམ་མ་གཏོགས་འགྲོ་ལམ་གཞན་མེད། དེར་བརྟེན་ང་ཚོས་ཤུགས་རྒྱག་དགོས་པ་གང་ཡང་མེད། རང་བཞིན་གྱི་ག་ལེར་ག་ལེར་དེའི་ནང་བསླེབས་འགྲོ་རྒྱུ་ཞིག་རེད།
དྲི་བ། བཀའ་ཁྲི་མཆོག་གི་མཛད་འཁུར་ལོ་ངོ་བཅུའི་རིང་འགྱུར་བའི་འཕེལ་རིམ་དང་གསར་གཏོད་ཀྱི་རྣམ་པའི་གནས་སྟངས་གང་འདྲ་ཞིག་ལ་བསླེབས་ཡོད་དམ།
ལན། བཀའ་བློན་གྱི་དམ་བཅའ་ཕུལ་བའི་ཉིན་མོ་དེར་༸གོང་ས་མཆོག་གི་འགྱུར་བ་དང་གསར་གཏོད་བྱེད་དགོས་རེད་ཅེས་བཀའ་གནང་བ་རེད། དེ་བཞིན་ང་ཚོས་འབད་བརྩོན་བྱས་པ་རེད། གསར་གཏོད་ནང་ལ་ཤེས་ཡོན་དང་། དཔལ་འབྱོར། སོ་ནམ། འཕྲོད་བསྟེན། ཆོས་རིག་བཅས་ཀྱི་སྲིད་བྱུས་དེ་ཚོ་ཚང་མ་གསར་གཏོད་ཡིན་པའི་ཁུལ་རེད། གསར་གཏོད་དེ་ལ་བརྟེན་ནས་ས་གཞིའི་སྟེང་འགྱུར་བ་ཕྱིན་ཡོད་དམ་ཞེ་ན་ཏོག་ཙམ་འགྱུར་བ་ཕྱིན་ཡོད། འོན་ཀྱང་ས་བོན་ཙམ་བཏབ་པ་དེས་སྔ་ཕྱི་ཙམ་མ་གཏོགས་ས་བོན་ཁ་ཤས་རུལ་འགྲོ་མདོག་ཁ་པོ་རེད། འོན་ཀྱང་མང་ཆེ་བ་རིམ་བཞིན་འབྲས་བུ་སྐྱེས་ཀྱི་རེད་བསམ་གྱི་འདུག
དྲི་བ། བོད་པའི་གསར་འགོད་པའི་ལས་དོན་བྱེད་ཕྱོགས་གང་འདྲ་ཞིག་བྱེད་དགོས་སམ།
ལན། ངས་ནམ་རྒྱུན་དུ་གསར་འགོད་པ་མང་གཙོའི་ཀ་བ་བཞི་པ་རེད་ཅེས་ཤོད་ཀྱི་ཡོད། ང་རང་ལོ་བཅུ་བཀའ་ཤག་དང་སྤྱི་འཐུས་ནང་བསྡད་པ་ཡིན་ནའང་རེད། དེ་མིན་ང་ནི་གསར་འགོད་པ་འཚོལ་བར་འགྲོ་མཁན་ཞིག་མིན། གསར་འགོད་པས་ཚུར་ཡོང་ན་དྲི་བར་ལན་འདེབས་བྱེད་ཀྱི་ཡོད། གསར་འགོད་པར་གསོལ་ཇ་གསོལ་ཚིགས་བཀྱགས་ནས་ཕེབས་རོགས་ཞེས་ཞུ་མྱོང་རྩ་བ་ནས་མེད། གསར་འགོད་པ་ཞེས་པ་དེ་གསར་འགོད་པ་རང་གི་བཟང་སྤྱོད་ནང་བཞུགས་དགོས་རྒྱུ་རེད། བདག་ཉིད་ཆེན་པོ་གྷན་ངྷིས་གསར་འགོད་པའི་ལས་འགན་གསུམ་གཏན་འཁེལ་གནང་ཡོད། ༡༽སྤྱི་ཚོགས་ཀྱི་བསམ་ཚུལ་གང་ཡིན་ངོ་ཤེས་པའི་ཐོག་འཛིན་སྐྱོང་གི་མཚོན་མི་མང་དང་འཛིན་སྐྱོང་གཉིས་ཀར་སྤྱི་ཚོགས་ཀྱི་བསམ་ཚུལ་གོ་བརྡ་སྤྲོད་རྒྱུ། ༢༽སྤྱི་ཚོགས་ནང་བསམ་ཚུལ་དམའ་དྲགས་པ་དང་སྤྱི་ཚོགས་ནང་བསམ་ཚུལ་མེད་པ་ཡིན་ན་གསར་དུ་བསྐྲུན་རྒྱུ། ༣༽འཛིན་སྐྱོང་དང་སྤྱི་ཚོགས་གང་དུ་སྐྱོན་ཡོང་གི་ཡོད་ན་ཐེར་འདོན་བྱེད་རྒྱུ་བཅས་ཡིན་ཞེས་གསུངས་ཡོད། དེར་བརྟེན་ང་རང་ཕྱི་འབྲེལ་བཀའ་བློན་བྱེད་སྐབས་ཕྱི་འབྲེལ་ལས་ཁུངས་ནང་ཡོད་པའི་ཤེས་བྱ་དང་བོད་མིའི་རང་དབང་ (Tibetan bulletin)དབྱིན་ཡིག་དུས་དེབ་སོགས་ཚང་མར་ལམ་སྟོན་བྱས་ཡོད། ང་ཚོ་ཐོག་མར་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་སླེབས་སྐབས་བོད་པའི་སྤྱི་ཚོགས་ནང་གསར་འགོད་པའི་ལས་ཀ་བྱེད་མཁན་གཅིག་ཀྱང་མེད། མཐར་ཕྱིན་བྷ་བུས་མེ་ལོང་ཞེས་པའི་གསར་འགྱུར་ཞིག་སྟོན་གྱི་ཡོད། དེའི་ནང་བོད་པ་ལས་ཀ་བྱེད་མཁན་གཅིག་རང་ལས་མི་འདུག དེ་ནས་ཕྱི་ལོ་ ༡༩༦༠ ལོ་འགོར་བོད་མི་ཚོའི་རང་དབང་ཞེས་པའི་གསར་འགྱུར་གཞན་ཞིག་དོན་པ་རེད། དེ་དུས་ཞིག་ནས་གསར་འགོད་པའི་ལས་འགོ་ཚུགས་པའི་གོ་སྐབས་ཤིག་ཤར་རྗེས་ད་ལྟ་བར་བོད་པའི་སྤྱི་ཚོགས་ནང་གསར་འགོད་ལས་རིགས་དེ་ཧ་ཅང་ཡར་རྒྱས་ཕྱིན་འདུག་བསམ་གྱི་ཡོད། དེ་ཡང་སུ་གང་གིས་བརྒྱུད་བསྐུལ་དང་གནོན་ཤུགས་འོག་མ་ཕྱིན་པར་རང་ཁ་རང་གསོའི་ཐོག་ཡར་རྒྱས་ཕྱིན་པ་དེ་གཟི་བརྗིད་ཆེན་པོ་རེད་སྙམ་གྱི་ཡོད། ད་ལྟ་ང་ཚོས་གློག་ཆས་ཀྱིས་པར་བརྒྱབ་ཡོད་པ་ཡིན་ནའང་རེད། བོད་རང་གི་སྤྱི་ཚོགས་ནང་གསར་འགྱུར་བརྒྱུད་ལམ་འདང་ངེས་ཤིག་ཆགས་པ་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོ་རེད། དེར་བརྟེན་གསར་འགོད་པ་ཚོས་གསར་འགྱུར་བརྒྱུད་ལམ་ནང་ལས་ཀ་བྱ་རྒྱུའི་ཐབས་ལམ་དང་འཕྲུལ་ཆས་སློབ་སྦྱོང་གནང་རྒྱུ། དེ་དང་དོ་མཉམ་པ་ཞིག་གསར་འགོད་པའི་བཟང་སྤྱོད་སློབ་སྦྱོང་གནང་དགོས་པ་རེད་བསམ་གྱི་ཡོད། གསར་འགྱུར་གཙོ་བོ་བྱས་པ་མ་གཏོགས་བསམ་ཚུལ་གཙོ་བོ་བྱེད་རྒྱུ་མེད། དེང་སང་གསར་འགྱུར་དང་བསམ་ཚུལ་གཉིས་བྱས་ན་བསམ་ཚུལ་མང་བ་ཡོད། ལྷག་པར་བསམ་ཚུལ་དེ་གསར་འགྱུར་གྱི་ངོ་བོ་མིན་པར་གསར་འགོད་པའི་བསམ་ཚུལ་དེས་གསར་འགྱུར་གྱི་ཚོས་གཞི་འགྱུར་རྒྱུའི་ཐབས་ཤེས་བྱས་ན། གསར་འགོད་པའི་བཟང་སྤྱོད་དང་གནས་ཚད་ཐོག་ལ་ཏོག་ཙམ་མ་མཉམ་པ་ཡོང་གི་རེད་བསམ་གྱི་ཡོད། འོན་ཀྱང་ངས་སྤྱིར་བཏང་ལྟ་གྲུབ་ཐོག་ནས་བརྗོད་ཀྱི་ཡོད་མ་གཏོགས་ཁྱེད་རང་ཚོ་འདི་འདྲ་འདུག་ཤོད་ཀྱི་མེད། བོད་པའི་གསར་འགྱུར་བརྒྱུད་ལམ་འདི་འདྲ་ཞིག་ཡར་རྒྱས་ཕྱིན་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། མ་འོངས་པར་ཡང་གསར་འགྱུར་བརྒྱུད་ལམ་འདི་འཛིན་སྐྱོང་དང་དཔལ་འབྱོར་གྱིས་ཤུགས་སྣོན་འོག་མ་ཕྱིན་པ་བྱེད་དགོས། དེ་བཞིན་ཤོག་ཁག་དང་སྡེ་ཚན་ཁག་གིས་ཤུགས་སྣོན་འོག་མ་ཕྱིན་པར་གནས་ཚུལ་ཡག་ཉེས་ག་རེ་ཡིན་ཡང་དྲང་པོ་དྲང་བཞག་ཐོག་ནས་གསར་འགོད་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད།
དྲི་བ། བཀའ་ཁྲི་མཆོག་གིས་ལོ་བཅུ་རིང་བཀའ་ཤག་ཏུ་ཕྱག་ལས་གནང་རིང་བོད་དོན་བདེན་མཐའ་སེལ་རྒྱུར་ཐག་ཇི་རིང་དང་ཇི་ཉེ་གང་འདྲ་ཆགས་ཡོད་དགོངས་ཀྱི་ཡོད་དམ།
ལན། བོད་དོན་བདེན་མཐའ་སེལ་རྒྱུར་ཧ་ཅང་ཐག་ཉེ་རུ་ཕྱིན་ཡོད་བསམ་གྱི་འདུག རྒྱུ་མཚན་ནི་སྤྱིར་རྒྱལ་སྤྱིའི་འགྱུར་འགྲོས། ཡང་སྒོས་རྒྱ་ནག་དང་བོད་ནང་གི་འགྱུར་འགྲོས། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མའི་ཐོག་ནས་བསྡོམས་བརྒྱབ་སྟེ་བལྟས་ན་ཧ་ཅང་ཐག་ཉེ་རུ་ཕྱིན་པ་རེད། བོད་དོན་བདེན་མཐའ་སེལ་བར་ཐག་ཉེ་རུ་ཕྱིན་པའི་ངོ་སོ་དེ་སུ་ལ་སྤྲོད་དགོས་སམ་ཞེ་ན། བརྒྱ་ཆ་བརྒྱད་ཅུ་བོད་ནང་ལ་ཡོད་པའི་བོད་མི་ཚོར་སྤྲོད་དགོས། བརྒྱ་ཆ་ཉི་ཤུ་ང་ཚོས་སྐད་བརྒྱབ་སྟེ་འགྲོ་མཁན་ཚོར་སྤྲད་ཆོག་གི་རེད། དངོས་གནས་དྲང་གནས་རང་སྲོག་བློས་གཏོང་བྱེད་མཁན་དེ་དག་བོད་ནང་བསྡད་ཡོད། སྲོག་འགྲོ་གི་མ་རེད་བསམ་པའི་གདེང་སྤོབས་ཐོག་ནས་སྐད་རྒྱག་མཁན་དེ་དག་ཕྱི་ཕྱོགས་སུ་ཡོད། དེར་བརྟེན་བོད་དོན་བདེན་མཐའ་སེལ་རྒྱུར་ཧ་ཅང་ཐག་ཇེ་ཉེ་རུ་ཕྱིན་ཡོད་ཞུ་རྒྱུ་ཡིན་ཞེས་གསུང་བཤད་དང་ལན་འདེབས་གནང་ཡོད། གཞན་ཡང་རིན་པོ་ཆེ་མཆོག་གིས་གསར་འགོད་པའི་དྲི་བ་གཞན་ཁག་མང་པོ་ཞིག་ལ་ལན་འདེབས་གནང་ཡོད་པའི་ཁོངས་སུ་མ་འོངས་པར་བཀའ་བློན་ཁྲི་པའི་མཚན་ལ་༼ སྲིད་སྐྱོང་བ ༽ ཞེས་སྲིད་སྐྱོང་བཀའ་བློན་ཁྲི་པ་ཞེས་བཏགས་ན་འོས་སྐོར་གྱི་བཀའ་ལན་གནང་ཡོད་པ་མ་ཟད། བཀའ་ཤག་གི་ཡིག་ཆ་ཁག་ཏུ་བར་ལམ་ཞིག་ནས་སྲིད་སྐྱོང་བཀའ་བློན་ཁྲི་པ་ཞེས་བྲིས་ཡོད། དེ་ཡང་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་དབང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་དང་སྲིད་སྐྱོང་བློ་བཟང་སེང་གེ་ལ་༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་མཛད་པ་རེད། ཅེས་བརྗོད་ན་ཚིག་དེ་སྙིང་རྗེ་པོ་ཆགས་རྒྱུ་རེད་ཅེས་གསུངས་ཡོད།
དེ་མིན་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་མེད་དང་། “བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་དེ་དབུས་བོདམིའི་སྒྲིག་འཛུགས་ཞེས་པ་དང་། ད་ཆ་བསྐྱར་དུ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་འཕོ་འགྱུར་གཏོང་འཆར་བཅས་ཀྱི་ཐད་གསར་འགོད་པའི་དྲི་བ་མང་དག་ཅིག་ལ་ལན་འདེབས་གནང་ཡོད་པ་བཅས།།
བཀའ་ཁྲི་མཆོག་གིས་བོད་རིགས་གསར་འགོད་པ་རྣམས་ཀྱི་དྲི་བར་ལན་འདེབས་གནང་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)