༢༠༡༡ ཟླ་ ༨ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མ་ནིའི་གྲོང་ཁྱེར་ཕ་རན་ཕོཊ་(Frankfurt)གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཇར་མ་ནིའི་ཧེ་སེའི་མངའ་སྡེའི་(Hesse) སྲིད་སྐྱོང་སྐུ་ཞབས་བོལ་ཀར་བྷུ་ཕེར་(Volker Bouffier)མཆོག་དང་ཧེ་སེ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ནོར་བྷ་ཌི་ཀ་ཊི་མན་(Norbert Kartmann)མཆོག་རྣམ་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་༸གོང་ས་མཆོག་ཧེ་སེའི་མངའ་སྡེའི་སྲིད་འཛིན་མཆོག་དང་ཧེ་སེ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་གསོལ་སྟོན་འབུལ་ལམ་ཞུས་ས་སེ་ལི་གན་སི་ཏ་ཌིའི་(Seligenstadt) ནང་རྟེན་གཞི་བྱས་པའི་ཡེ་ཤུའི་དགོན་པར་ཆིབས་སྒྱུར་སྐྱོང་སྐབས་མགྲོན་ཁང་གི་ཕྱི་རུ་མི་མང་ ༦༠༠ བརྒལ་བས་དབྱར་དུས་ཀྱི་ཚ་བར་མ་འཛེམས་པར་དགའ་དད་སྤྲོ་གསུམ་ཐོག་ནས་དགའ་བསུ་ཞུས་ཡོད།
དེ་རྗེས་༸གོང་ས་མཆོག་དང་སྲིད་སྐྱོང་བོལ་ཀར་བྷུ་ཕེར་མཆོག་དགོན་པའི་མཛེས་སྡུག་དང་སྙན་གྲགས་ཆེ་བའི་སྐྱེད་མོས་ཚལ་དེར་ཆིབས་སྒྱུར་བསྐྱངས་ཏེ་༸གོང་ས་མཆོག་གིས་ཇར་མན་གསར་འགོད་པ་ཚོར་མགོན་པོ་གང་ཉིད་མཆོག་ཧེ་སེ་མངའ་སྡེའི་སྲིད་གཞུང་གིས་མགྲོན་འབོད་ལྟར་ཁུལ་དེར་བསླེབས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ།
དེ་བཞིན་སྐབས་དེར་སྲིད་འཛིན་མཆོག་གིས་གསུང་དོན། ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཧེ་སེ་མངའ་སྡེར་སླར་ཡང་གདན་ཞུ་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ས་གནས་གང་དུ་ཆིབས་སྒྱུར་བསྐྱངས་ནའང་མི་མང་ཚོས་ཁོང་ལ་དགའ་མོས་ཆེན་པོ་ཞུ་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་ལ་རྟེན་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་མཛད་བཞིན་ཡོད། སྐུ་ཉིད་མཆོག་གི་མཛད་རྗེས་ནི་འཛམ་གླིང་མི་མང་ཚོས་མིག་དཔེ་བཟང་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད།
ང་ཚོས་སྐུ་ཉིད་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་བོད་དོན་འཐབ་རྩོད་མཛད་པ་དེར་གྲུབ་འབྲས་བཟང་པོ་ཞིག་མྱུར་དུ་ཐོབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་སོགས་ཞུས་ཡོད།
དེ་རྗེས་༸གོང་ས་མཆོག་གིས་གསར་འགོད་པ་ཚོའི་རྒྱབ་ཏུ་མི་མང་རྒྱ་ཕྲག་འགའ་ཤས་ཡོད་ས་དེར་ཆིབས་སྒྱུར་བསྐྱངས་ཏེ་མི་མང་ཚོར་ཕྱག་གི་བྱུག་བྱུག་མཛད་དེ་བཀའ་སློབ་སྩལ་དོན། ངོས་རང་ཁྱེད་ཚོ་ཐུག་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང། ཁྱེད་རྣམ་པས་ངོས་ལ་དགའ་བསུ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་དོན་ལ་རྒྱབ་སྐྱོར་བྱས་པ་ནི་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པར་ངོས་ཀྱིས་རྟག་ཏུ་ཤོད་བཞིན་ཡོད་ཅེས་བཀའ་སློབ་སྩལ།
གཞུང་འབྲེལ་གྱི་གསོལ་སྟོན་དེའི་སྐབས་ཧེ་སེ་མངའ་སྡེའི་བཀའ་ཤག་གི་མཛད་གཙོ་རྣམ་པ་དང། གྲོས་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་མངའ་སྡེ་དེའི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྣམས་མཉམ་ཞུགས་གནང་ཡོད།
ཉིན་རྒྱབ་༸གོང་ས་མཆོག་ཕ་རན་ཕོཊ་(Frankfurt)དུ་༸ཞབས་སོར་འཁོད་དེ་གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་གྷོ་ཐེ་གཙུག་ལག་སློབ་གྲྭར་(Goethe University) ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་དང་དབུ་ཁྲིད་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། སྐབས་དེར་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཞོན་གྱིས་གསུང་བཤད་གནང་དོན།
ང་ཚོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་ལྟ་བུའི་སྐུ་མགྲོན་ཁྱད་པར་ཅན་ཡང་ཡང་གདན་ཞུ་བྱ་རྒྱུའི་གོ་སྐབས་ཐོབ་ཀྱི་མེད། སྐུ་ཉིད་འདིར་ཆིབས་སྒྱུར་བསྐྱངས་ཐུབ་པར་ང་ཚོར་དགའ་སྤྲོ་ཆེན་པོ་བྱུང། སྐུ་ཉིད་ནི་མི་མང་པོའི་མིག་དཔེ་བལྟ་ས་ཞིག་ཡིན་ཞེས་སོགས་ཀྱི་གསུང་བཤད་གྲུབ་བསྟུན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་རྒྱུན་དུ་མི་མང་ཚོ་དང་ཐུག་འཕྲད་དང་གཏམ་བཤད་བྱེད་སྐབས་ཆོས་གྲོགས་ཕོ་མོ་ཞེས་བརྗོད་དེ་གཏམ་བཤད་འགོ་བཙུགས་བྱེད་ཀྱི་ཡོད། གང་ཡིན་བརྗོད་ན། གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན། དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་ནང་གི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་སྐོར་དེ་སློབ་ཚན་འཇོག་ཐུབ་ཐབས་བྱེད་དགོས།
འགྲོ་བ་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་སྤྱོད་ཀྱི་རིན་ཐང་དེ་དག་ཆོས་ལུགས་ལ་མ་རྟེན་པར་ཆོས་ལུགས་རིས་མེད་ཐོག་མི་ཚང་མས་ལག་བསྟར་བྱེད་ཐུབ་པ་ཞིག་ཡོང་རྒྱུའི་ཐབས་ལམ་འཚོལ་དགོས། ང་ཚོས་དེང་དུས་ཤེས་ཡོན་སློབ་ཚན་ནང་འགྲོ་བ་མིའི་བཟང་སྤྱོད་སློབ་ཁྲིད་བྱས་པའི་ཐོག་ནས་བཟང་སྤྱོད་གོང་སྤེལ་གཏོང་ཐུབ། ཆོས་ལུགས་རིས་མེད་ཀྱི་དོན་ནི་ཆོས་ལ་གུས་ཞབས་མེད་པའི་གོ་དོན་མིན། ཆོས་ལུགས་རིས་མེད་བརྗོད་སྐབས་ཆོས་ལུགས་ཚང་མར་གུས་བརྩི་ཡོད་པ་ཞིག་བཏོན་གྱི་ཡོད་ཅེས་བཀའ་སྩལ།
ཡང་མགོན་པོ་གང་ཉིད་མཆོག་གིས་མང་གཙོའི་ལམ་ལུགས་ཐོག་བཀའ་སློབ་སྩལ་དོན། འཛམ་གླིང་འདི་འགྲོ་བ་མིའི་རིགས་ལ་དབང་ཡོད་པ་ལས་རྒྱལ་པོ་དང་ཆོས་ཀྱི་དབུ་ཁྲིད་བྱེ་བྲག་པ་འགའ་ཤས་ལ་དབང་མེད། ཇར་མ་ནི་དེ་ཇར་མན་མི་མང་ཚོར་དབང་ཡོད། མང་གཙོའི་ལམ་ལུགས་ཀྱི་གོ་དོན་ནི་གཞུང་དེ་མི་མང་གིས་འདེམས་རྒྱུ་དང་མི་མང་གིས་འཛིན་སྐྱོང་བྱེད་དགོས་པའི་དོན་ཡིན། དུས་རབས་ ༢༠ པ་ནི་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་ཟིན། དུས་རབས་ ༢༠ ནང་མི་གྲངས་ས་ཡ་ ༢༠༠ བརྒལ་བ་དམག་འཁྲུག་འོག་རྐྱེན་འདས་སུ་ཕྱིན་ཡོད། ང་ཚོས་དུས་རབས་ ༢༡ པ་འདི་འཚེ་བ་མེད་པའི་དུས་རབས་ཤིག་ཏུ་སྐྲུན་ཐབས་བྱེད་དགོས། ཞི་བདེ་ལྡན་པའི་སྤྱི་ཚོགས་བསྐྲུན་དགོས་བརྗོད་སྐབས་དཀའ་ངལ་རྩ་བ་ནས་མེད་པའི་དོན་མིན་པར་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དེ་དག་འཚེ་བ་མེད་པར་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་དེ་ཡིན། དེར་བརྟེན་དུས་རབས་ ༢༡ འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་ཏུ་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གྲོས་མོལ་ལམ་ལྷོང་ཡོང་བར་ང་ཚོས་ཕ་རོལ་པོར་བརྩི་བཀུར་ཐོགས་ཕ་རོལ་པོའི་བསམ་ཚུལ་ལ་བསམ་ཤེས་བྱེད་དགོས། དེ་ལྟར་བྱས་ཚེ་ང་ཚོས་དོན་སྙིང་ལྡན་པའི་གྲོས་མོལ་བྱེད་ཐུབ་ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་མི་རབས་གཞོན་པ་དང་སློབ་ཕྲུག་ཚོར་དུས་རབས་འདི་ཇི་འདྲ་ཞིག་བཟོ་འདོད་ཡོད་མེད་བསམ་ཞིབ་ཡག་པོ་བྱེད་དགོས་ཞེས་སོགས་ཀྱི་བཀའ་སློབ་གཟབ་རྒྱས་སྩལ་ཡོད་པ་བཅས།།