༢༠༡༡ ཟླ་ ༨ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༧ ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨི་སི་ཊོ་ནི་ཡའི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཕིན་ལན་ཌིར་ཆིབས་སྒྱུར་བསྐྱངས་ཏེ་རྒྱལ་ས་ཧེལ་སིང་ཀིར་༸ཞབས་སོར་འཁོད་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཨི་སི་ཊོ་ནི་ཡའི་ནང་ཉིན་གཉིས་ཀྱི་མཛད་འཕྲིན་བསྐྱངས་པའི་ཉིན་གཉིས་པ་ཕྱི་ཚེས་ ༡༨ སྔ་དྲོ་ཨི་སི་ཊོ་ནི་ཡའི་ཚན་རིག་ཤེས་ཡོན་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེའི་ཊར་ཊུ་གཙུག་ལག་སློབ་གྲྭའི་(University of Tartu ) མཁས་དབང་གི་ཕྱག་འཁྱེར་དེ་བཞིན་གཙུག་ལག་སློབ་གྲྭ་དེའི་རེག་ཊར་སྐུ་ཞབས་ཨ་ལར་ཀ་རི་སི་(Rector Mr Alar Karis) མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད། དེ་རྗེས་ཚོགས་བཅར་བ་ཚན་རིག་པ་དང་ཆབ་སྲིད་མི་སྣ། གཞུང་གི་བློན་ཆེན་བཅས་ལ་ནང་ཆོས་དང་ཚན་རིག་གི་འབྲེལ་བའི་སྐོར་བཀའ་སློབ་སྩལ་གྲུབ་བསྟུན། ཚོགས་བཅར་བའི་དྲི་བར་བཀའ་ལན་སྩལ། དེ་ནས་ཨི་སི་ཊོ་ནི་ཡའི་ནང་པའི་ལྷན་ཚོགས་ཀྱིས་༸གོང་ས་མཆོག་ལ་ཉིན་གུང་ལྗགས་སྨིན་འདེགས་འབུལ་ཞུས། ལྗགས་སྨིན་གྲུབ་མཚམས་༸གོང་ས་མཆོག་གིས་ཨི་སི་ཊོ་ནི་ཡའི་ནང་པའི་ལྷན་ཚོགས་ཀྱིས་ཚོགས་གཙོ་སྐུ་ཞབས་སི་ཝན་གུ་རུན་བྷག་(Mr Sven Grunberg) མཆོག་དང་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌི་རེ་སི་ཧར་ཀེལ་(Mr Andres Herkel) མཆོག་རྣམ་གཉིས་ཀྱི་ཨི་སི་ཊོ་ནི་ཡར་མགྲོན་འབོད་ལྟར་ཆིབས་སྒྱུར་བསྐྱངས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་སོགས་འཐོན་ཕྱག་གི་བཀའ་སློབ་སྩལ་ཏེ་ཕིན་ལན་ཌིར་ཆིབས་ཞལ་བསྒྱུར། དེ་ཡང་མགོན་པོ་གང་ཉིད་མཆོག་ཧེལ་སིང་ཀིའི་(Helsinki)གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ། སྐབས་དེར་གསར་འགོད་པས་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་རྒྱུའི་དགོས་དམིགས་གཙོ་བོ་ཇི་ཡིན་གྱི་དྲི་བ་ཕུར་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་རང་ཁུལ་འདིར་ཡོང་རྒྱུའི་དམིགས་ཡུལ་གཙོ་བོ་ནི་འདིར་ངོས་ཀྱི་གྲོགས་པོ་གསར་རྙིང་མང་པོ་ཞིག་ཡོད་པ་ཚོ་ཐུག་རྒྱུ་དང། དེ་བཞིན་འགྲོ་བ་མིའི་བཟང་པོའི་རིན་ཐང་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་སྤེལ་ཐབས་ཆེད་ཡོང་བ་ཡིན་ཞེས་སོགས་ཀྱི་བཀའ་ལན་སྩལ། ཐེངས་འདིར་༸གོང་ས་མཆོག་ཕིན་ལན་ཌི་ཁུལ་གྱི་ཆིབས་སྒྱུར་གོ་སྒྲིག་གནང་མཁན་གཙོ་བོ་ནི་ཕིན་ལན་ཌེ་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་ཁུལ་དེར་རྟེན་གཞི་བྱས་པའི་ཝཛྲ་ཡཱ་ནའི་ཆོས་ཚོགས་(Tibetan Buddhist Vajrayana Community) གཉིས་ཟུང་འབྲེལ་ཐོག་ཡིན་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨི་སི་ཊོ་ནི་ཡའི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཕིན་ལན་ཌི་ནང་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།