༢༠༡༡ ཟླ་ ༨ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣ བོད་ཟླ་ ༦ ཚེས་ ༤ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པས་གནས་མཆོག་ཝ་ར་ཎ་སིར་དམ་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་ནས་མི་ལོ་ཧྲིལ་པོ་ ༢༦༠༠ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་འབུལ་བཤམས་ཐོག་ཆོས་འཁོར་དུས་ཆེན་གྱི་སྨོན་ལམ་ཚོགས་ཡོད།
དེ་ཡང་ཆོས་རིག་ལས་ཁུངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཆོས་རིག་བཀའ་བློན་མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་བཞིན་ཆོས་འཁོར་དུས་ཆེན་གྱི་ཚོགས་མགོན་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོོག་དང་། རྣམ་གྲྭ་འདུས་ཚོགས། ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་མཆོག བཀའ་བློན་ཁྲི་པས་དབུས་བདམས་ཐོན་བཀའ་ཁྲི་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ། གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ་བཅས་ཁྱོན་མི་གྲངས་ ༣༠༠༠ བརྒལ་བ་རྣམས་ནས་ཆོས་འཁོར་དུས་ཆེན་གྱི་སྨོན་ལམ་གསུང་འདོན་གནང་མུར་དེར་འདུས་མཛད་གཙོ་རྣམས་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་རྣམས་ལ་གསོལ་ཇ་བཞེས་བག་དང་། ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེ་ཕུལ་ཡོད། དེ་རྗེས་ཆོས་རིག་བཀའ་བློན་མཆོག་གིས་སྐྱབས་ཐོ་ལྷ་སྙན་སྒྲོན་འབུལ་ཞུས་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་འཁོར་དུས་ཆེན་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)