༢༠༡༡ ཟླ་ ༨ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ སྔ་དྲོ་ཆུ་ཚོད་ ༡༡ །༣༠ ཐོག་སྐབས་གསུམ་པའི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་ ༦༠ བརྒལ་བར་བཀའ་ཁྲི་གསར་པའི་དམ་འབུལ་གྲུབ་མཚམས་ཐོག་མའི་མཇལ་འཕྲད་དང་དྲི་བ་ཞུ་རྒྱུའི་གོ་སྐབས་གནང་ཡོད།
དྲི་བ། བཀའ་ཁྲི་མཆོག་གིས་སྐབས་གསུམ་པའི་བཀའ་བློན་ལས་རོགས་རྣམས་སུ་དང་སུ་འདེམས་རྒྱུ་ཡིན་དང་ད་ལྟའི་ཆར་སྲི་ཞུ་བའི་ལས་བྱེད་མི་འདེང་བའི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་གནང་རྒྱུའི་འཆར་གཞི་གང་ཡོད་དམ།
ལན། བཀའ་བློན་ལས་རོགས་བདུན་ནས་རྙིང་པ་གསུམ་དང་བུད་མེད་ཐེ་བའི་གསར་པ་བཞི་བསྐོ་གཞག་བྱེད་རྒྱུ་མ་ཟད། རབ་བྱུང་ན་གསར་པ་བཞིའི་ནང་ཆོལ་ཁ་གསུམ་མཚོན་ཐུབ་པའི་བཀའ་བློན་གྱི་མཚན་གཞུང་དེ་བཞིན་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་གྲོས་ཚོགས་སུ་འབུལ་རྒྱུ་ཡིན་པས་སྐབས་དེར་མང་ཚོགས་ཀྱིས་ཤེས་རྟོགས་ཡོང་རྒྱུ་ཡིན་པ་དང། ལས་བྱེད་དང་འབྲེལ་བའི་དཀའ་ངལ་དེར་ངས་བསྐྱར་ཞིབ་བྱེད་རྒྱུ་ཡིན། དེ་མིན་སྲིད་བྱུས་དང་བྱེད་ཕྱོགས་ཐོག་ནས་སྔོན་མ་ངས་བཀའ་བློན་ཁྲི་པར་འོས་བསྡུ་ལངས་པའི་སྐབས་སུ་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་ཞེས་ཁས་ལེན་བྱས་པ་ལྟར་གནས་ཚུལ་དེ་དག་ཐོག་ཡར་རྒྱས་ཇི་འདྲ་གཏོང་དགོས་མིན་ཐད་བསམ་བློ་གཏོང་རྒྱུ་དེ་ངའི་འགན་ཆགས་ཡོད་ཅེས་ལན་འདེབས་གནང།
དྲི་བ། བཀའ་ཁྲི་མཆོག་གི་ལས་འགན་གསར་པ་དེར་སེམས་འཚབ་དང་སྤྲོ་གནང་ཡོད་མིན་དང་། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་གཅིག་ཡིན་པའི་ཆ་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་སྐུ་ཉིད་དབར་མི་འདྲ་བའི་ཁྱད་པར་ཆེ་ཤོས་གང་ཡོད་དམ།
ལན། ངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ངོ་ཚབ་བྱེད་མི་སྲིད་པ་ལྟར་བོད་མི་སུ་འདྲ་ཞིག་ཡིན་ནའང་མགོན་པོ་གང་ཉིད་མཆོག་གི་ངོ་ཚབ་བྱེད་ཐུབ་རྒྱུ་ཞེས་པ་ནི་མི་སྲིད་པའི་གནས་སྟངས་ཤིག་རེད། ངའི་ལས་འགན་གཙོ་བོ་དེ་༸གོང་ས་མཆོག་གི་དགོངས་པར་མངའ་བ་བཞིན་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་ཡང་དག་པའི་མང་གཙོའི་རིང་ལུགས་སྲ་བརྟན་དང་རྒྱུན་འཁྱོངས་ཐོག་བོད་མི་རྣམས་རང་གི་རྐང་པའི་སྒང་ལ་ལངས་ཐུབ་ཐབས་བྱེད་རྒྱུ་དང། འབྱུང་འགྱུར་བོད་མིའི་རང་དབང་འཐབ་རྩོད་ཆེད་ཆབ་སྲིད་ཀྱི་དབུ་ཁྲིད་གསར་སྐྲུན་ཐུབ་པ་བྱས་ཏེ་༸གོང་ས་མཆོག་བོད་ལ་༸ཞབས་སོར་འཁོད་རྒྱུ་དང། བོད་དོན་བདེན་མཐའ་མ་གསལ་བར་ང་ཚོའི་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་ཡོང་བ་བྱེད་རྒྱུ་དེ་ཡིན་ཞེས་ལན་འདེབས་གནང་ཡོད།
དྲི་བ། རྒྱ་མིས་སྐུ་ཉིད་དང་ལྷན་གྲོས་མོལ་དང་འབྲེལ་བ་གང་ཡང་བྱེད་རྒྱུ་མིན་པའི་གསལ་བསྒྲགས་བྱས་པ་དེར་བསམ་ཚུལ་གང་ཡོད་དམ།
ལན། ང་ཚོས་རྒྱ་ནག་དང་ལྷན་བོད་ཀྱི་གནད་དོན་གླེང་སྐབས་དམིགས་ཡུལ་དང་མཐུན་པའི་གྲུབ་འབྲས་ཐོན་རྒྱུ་དེ་གཙིགས་ཆེ་ཤོས་སུ་བརྩིས་པ་མ་གཏོགས་གང་ཟག་སུས་གྲོས་མོལ་བྱེད་མིན་དང་རྣམ་པ་ཇི་འདྲ་ཞིག་གི་ཐོག་ནས་གྲོས་མོལ་བྱེད་ཀྱི་ཡོད་མེད་དེ་ང་ཚོས་དམིགས་ཡུལ་གཙོ་བོར་འཇོག་གི་མེད། གལ་ཏེ་རྒྱ་ནག་གཞུང་གིས་ང་དང་ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་བྱེད་རྒྱུ་དང་སྐད་ཆ་ཤོད་འདོད་མེད་བརྗོད་ན། དེ་ནི་ང་ཚོའི་གནད་དོན་གལ་ཆེ་ཤོས་རིམ་པ་གཉིས་པར་ངོས་འཛིན་བྱེད་རྒྱུ་ཡིན། གལ་ཏེ་རྒྱ་ནག་གཞུང་གིས་ཁ་ཞེ་གཉིས་མེད་ཐོག་རྒྱ་ནག་རྒྱལ་ཁབ་རང་ཉིད་ཀྱི་ཆིག་སྒྲིལ་དང་ཞི་བདེའི་ཆེད་བསམ་བློ་བཏང་སྟེ་བོད་ཀྱི་གནད་དོན་སེལ་འདོད་ཡོད་ཚེ། བོད་རྒྱ་འབྲེལ་མོལ་བྱེད་མཁན་གང་ཟག་དང་རྣམ་པ་གསར་པ་ཇི་འདྲ་ཞིག་གསར་གཏོད་བྱེད་རྒྱུའི་ཐོག་ང་ཚོས་གུ་བཤངས་བྱེད་རྒྱུ་གྲ་སྒྲིག་ཨང་གསར་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཆེད་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་བརྗོད་ན་ང་ཚོར་ཁྱད་པར་གང་ཡང་མེད། གང་ཟག་དང་གྲོས་མོལ་བྱེད་སྟངས་ཀྱི་རྣམ་པ་ཙམ་ལ་ཁ་གཡར་ནས་ང་ཚོ་དང་ལྷན་གྲོས་མོལ་བྱེད་འདོད་མེད་ཅེས་པེ་ཅིང་གཞུང་གིས་བརྗོད་པ་ཡིན་ན། དོན་དངོས་ཐོག་གནས་ཚུལ་དེ་ཏག་ཏག་བསྡད་མེད། གྲོས་མོལ་བྱེད་རྒྱུའི་འདོད་པ་ཡོད་ཚེ། ང་ཚོས་རྒྱ་ནག་གཞུང་ལ་དང་ལེན་ཞུ་རྒྱུ་ཡིན། ད་ལྟའང་ང་ཚོས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་པ་མ་ཟད། ཁོང་ཚོས་ས་ཕྱོགས་གང་འདྲ་ཞིག་ལ་གྲོས་མོལ་བྱེད་འདོད་ནའང་ང་ཚོར་གྲ་སྒྲིག་ཡོད། གང་ཡིན་བརྗོད་ན་བོད་ནང་དུ་གཞིས་ལུས་བོད་རིགས་སྤུན་ཟླ་ད་ལྟ་དཀའ་སྡུག་འོག་མྱོང་བཞིན་ཡོད་ཅེས་ལན་འདེབས་གནང།
དེ་བཞིན་དེང་སྐབས་གཞིས་ཆགས་ནང་རྒས་འཁོགས་མང་པོ་ལྷག་པ་དང་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གི་ནང་བོད་ནས་ཕེབས་རྒྱུ་ཇེ་ཉུང་དུ་འགྲོ་བཞིན་པར་བརྟེན། འཛིན་གྲྭ་མང་པོའི་ནང་སློབ་ཕྲུག་གྲངས་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། གདན་ས་ཁག་གི་ནང་བོད་པའི་གྲྭ་རྒྱུན་དཀོན་དུ་འགྲོ་བཞིན་ཡོད་པ་དེར་དགོངས་ཚུལ་ཇི་ཡོད་དང། འབྱུང་འགྱུར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་མེད། བོད་མི་གཞོན་སྐྱེས་ཚོར་ཤེས་ཡོན་ཙམ་མིན་པར་སྒྱུ་རྩལ་གཞན་དཔེར་ན། རྩེད་མོ་དང་རི་མོ་སོགས་ཡར་རྒྱས་གཏོང་འཆར་ཡོད་མེད། བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཚོགས་ཆུང་(Tibet Policy Institute) ཞེས་པ་ཞིག་འཛུགས་རྒྱུའི་འཆར་གཞི་དང། བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་པའི་ཐ་སྙད་བྱེད་རྒྱུའི་ཐོག་བསམ་ཚུལ། བོད་རྒྱ་འབྲེལ་མོལ་ཆེད་སྐུ་ཚབ་གསར་པ་བསྐོ་གཞག་གནང་རྒྱུའི་འདོད་པ་ཡོད་མེད། གཞིས་ལུས་རྒྱ་ཆེ་མང་ཚོགས་ལ་གསུང་བཤད་ཇི་འདྲ་ཞིག་གནང་རྒྱུ་ཡིན་མིན། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ནས་བོད་དོན་ཐོག་རྒྱབ་སྐྱོར་ཇི་འདྲ་ཞི་ཐོབ་རྒྱུའི་རེ་བ་ཡོད་མེད་སོགས་ཁྱོན་དྲི་བ་ཁག་བཅུ་གཉིས་ལ་བཀའ་ཁྲི་མཆོག་གིས་ལན་འདེབས་དང་གསལ་བཤད་ཞིབ་ཕྲ་གནང་ཡོད་པ་བཅས།།