༢༠༡༡ ཟླ་ ༨ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕིན་ལན་ཌིར་མཛད་འཆར་གྱི་ཐོག་མར་ཕིན་ལན་ཌིའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཚོགས་པ་དང་། བོད་རིགས་ཁག་གཅིག ཕིན་ལན་ཌིའི་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་བཅས་ལ་མཇལ་ཁ་སྩལ་རྗེས་༸གོང་ས་མཆོག་ཕིན་ལན་ཌིའི་རྒྱལ་ས་ཧེལ་སེང་ཀི་(Helsinki)ནང་ཡོད་པའི་ཧེལ་སིང་ཀི་བྷོར་སི་ཀ་ལབ་(The Helsinki Bourse Club) ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་ཕིན་ལན་ཌིའི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་གྲངས་ ༧༠ བརྒལ་བར་མཇལ་འཕྲད་མཛད་ཡོད།
སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཆུ་ཚོད་གཅིག་རིང་གསར་འགོད་པ་ཁོང་རྣམ་པའི་དྲི་བར་བཀའ་ལན་སྩལ་གྲུབ་བསྟུན། ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་ས་ཝན་ཇང་གྷི་(Mikael Swanljung) ལགས་ཀྱིས་༸གོང་ས་མཆོག་གསོལ་ཚིགས་ཁང་དུ་གདན་འདྲེན་ཞུས་ཏེ་ཚོགས་པ་དེའི་ཚོགས་མི་དང་སྐུ༜༜་མགྲོན་བཅས་ཁྱོན་མི་གྲངས་ ༡༢༠ བརྒལ་བར་མཇལ་ཁ་དང། དེ་བཞིན་དེང་དུས་ཚོང་ལས་ནང་བཟང་སྤྱོད་གལ་ཆེ་ཚུལ་(Ethics in Bussiness) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད།
དེ་ནས་མགོན་པོ་གང་ཉིད་མཆོག་ཧེལ་སེང་ཀིའི་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་བྱས་པའི་བོད་མིའི་འཐབ་རྩོད་ལ་མིག་དཔེར་བཟུང་སྟེ་འཚེ་མེད་ཞི་བའི་སྒོ་ནས་རྩོད་རྙོག་འདུམ་འགྲིག་བྱེད་ཚུལ་(Non-voilent conflict Resolution: The Tibetan Case as an Example)ཞེས་པའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད་པ་མ་ཟད། བགྲོ་གླེང་ཐོག་མཉམ་ཞུགས་ཀྱང་མཛད་ཡོད། གཞན་ཡང་དེ་ཉིན་༸གོང་ས་མཆོག་གིས་ཕིན་ལན་ཌིའི་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་ཉི་ཤུ་དང་ལྷན་མཇལ་འཕྲད་མཛད།
ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་སུ་ཆེད་བཅར་ཞུས་པའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁལ་མུཀ་(Kalmykia) ཡུལ་ནས་བོད་རིགས་དགེ་འདུན་པ་ ༢༥༠ ཙམ་ལ་མཇལ་ཁ་སྩལ། སྐབས་དེར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་ཞུ་བར་བཅར་མཁན་ཁྱོན་མང་ཚོགས་ ༣༥༠༠ བརྒལ་བ་ཕེབས་ཡོད་པ་དང།
ཉིན་རྒྱབ་མགོན་པོ་གང་ཉིད་མཆོག་གིས་ཧེལ་སེང་ཀའི་ཉེ་འགྲམ་དུ་ཡོད་པའི་གྲོང་ཁྱེར་ཨི་སི་པུའི་(Espoo)བྷ་རོ་ན་ཚོགས་ཁང་(Barona Arena) དུ་མང་ཚོགས་ ༧༠༠༠ བརྒལ་བར་བྱམས་བརྩེའི་ནུས་སྟོབས་(The Power of Compassion)ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་གིས་མི་སྒེར་སོ་སོའི་བདེ་སྐྱིད་དང་ཁྱིམ་ཚང་གི་བདེ་སྐྱིད། དེ་བཞིན་སྤྱི་ཚོགས་ཀྱི་བདེ་སྐྱིད་བཅས་ཀྱི་སླད་རང་སོ་སོའི་སེམས་བརྒྱུད་ལ་བྱམས་བརྩེའི་ནུས་པ་རྒྱས་ཐབས་ངེས་པར་བྱེད་དགོས་པ་ཡིན་སྐོར་དང། བྱམས་བརྩེའི་བསམ་པ་ནི་ངེས་པར་དུ་ཆོས་དང་འབྲེལ་བ་མི་དགོས་པར་རང་རང་སོ་སོའི་བདེ་ཐབས་དང་སྤྱི་ཚོགས་བདེ་ཐབས་དོན་གཉེར་གྱི་བློ་བཅོས་མིན་ཞིག་བརྒྱུད་ལ་སྐྱེས་པའི་ཐོག་ནས་བྱམས་བརྩེའི་ནུས་པ་རྒྱས་ཐུབ་པ་ཞིག་ཡིན་སྐོར་དང། བྱམས་བརྩེའི་བསམ་པ་དང་གཟུགས་པོའི་འཕྲོད་བསྟེན་དབར་འབྲེལ་བ་ཆེན་པོ་ཡོད་སྐོར་དང། འཛམ་གླིང་ནང་དཔལ་འབྱོར་འཁོད་སྙོམས་མེད་པ་དེས་འབྱུང་འགྱུར་མིའི་སྤྱི་ཚོགས་ཁྲོད་དུ་དཀའ་ངལ་ཆེན་པོ་བཟོ་རྒྱུ་ངེས་པ་ཡིན་སྟབས། ད་ལྟའི་འཛམ་གླིང་གི་དཔལ་འབྱོར་འགྲོ་ལུགས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་པའི་དུས་ལ་སླེབས་ཡོད་པའི་དགོངས་ཚུལ་གསལ་བཏོན་མཛད་ཡོད། ༸གོང་ས་མཆོག་གིས་མང་ཚོགས་ལ་བྱམས་བརྩེའི་ནུས་སྟོབས་སྐོར་བཀའ་སློབ་སྩལ་གྲུབ་བསྟུན་མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་མཛད། སྐབས་དེར་ཕིན་ལན་ཌིའི་གཞོན་སྐྱེས་མང་དག་ཅིག་ལ་༸གོང་ས་མཆོག་གིས་དུས་རབས་ ༢༡ པ་འདི་དུས་རབས་ ༢༠ ལྟར་དམག་འཁྲུག་གི་དུས་རབས་ལྟར་མིན་པར་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་ཏུ་བསྐྲུན་རྒྱུར་གཞོན་སྐྱེས་ཚོར་འགན་ཡོད་ཅེས་བཀའ་སློབ་གཟབ་ནན་སྩལ་ཡོད། ཐེངས་འདིའི་༸གོང་ས་མཆོག་གིས་ཕིན་ལན་ཌིར་ཆིབས་སྒྱུར་གསོལ་འདེབས་དང་གོ་སྒྲིག་ཞུ་མཁན་གཙོ་བོ་ཕིན་ལན་ཌི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཚོགས་པ་དང། སྲོང་བཙན་ནང་པའི་ཆོས་ཚོགས་ཡིན་འདུག་པ་བཅས།།