༢༠༡༡ ཟླ་ ༨ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སིའི་གྲོང་སྡེའི་སྤྱི་ཁྱབ་པ་ ༡༣ ཙམ་ལ་མཇལ་འཕྲད་མཛད་དེ་ཁོང་རྣམ་པས་བོད་ཀྱི་རིག་གཞུང་དང་སྐད་ཡིག ཁོར་ཡུག་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་མཛད། དེ་ཡང་ཕ་རན་སིའི་གྲོང་སྡེའི་སྤྱི་ཁྱབ་པ་ ༡༣ གྱིས་བོད་ནང་བོད་མིའི་ཚོའི་རང་གི་ཆོས་དང་རིག་གཞུང་། ཁོར་ཡུག ངོ་བོ་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་ཁོང་རྣམ་པས་མི་རེ་ངོ་རེ་ནས་འགན་ཁུར་ཐོག་བོད་མི་གནས་སྡོད་ཀྱི་གྲོང་ཚོ་དང་གཞིས་ཆག་ འདྲ་མིན་ཁག་ ༣༢༠ ཙམ་ནང་གྲོང་སྡེ་སྤྱི་ཁྱབ་པ་རེ་རེས་བདག་པོ་རྒྱབ་སྟེ་ལྟ་སྐྱོང་གནང་བཞིན་ཡོད། སྐབས་དེར་༸གོང་ས་མཆོག་གིས་གྲོང་སྡེ་སྤྱི་ཁྱབ་པ་ཚོར་ལས་འགུལ་དེ་རྒྱ་ཆེ་རུ་བཏང་སྟེ་ཡུ་རོབ་སྤྱི་མཐུན་ནང་ཡོད་རྒྱལ་ཁབ་ཚང་མ་ཚུད་ཐུབ་ཐབས་གནང་དགོས་པའི་འབོད་སྐུལ་མཛད་ཡོད། དེ་རྗེས་༸གོང་ས་མཆོག་གིས་ཕ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་མཛད་དེ་ཁོང་རྣམ་དང་བཀའ་མོལ་ལྷུག་པོ་མཛད་དེ་མགོན་པོ་གང་ཉིད་མཆོག་གིས་ཁོང་རྣམ་པས་བོད་མི་ཚོར་དཀའ་ངལ་ཅན་གྱི་དུས་སྐབས་སུ་རོགས་རམ་གནང་བ་དེ་ཧ་ཅང་རྩ་བ་ཆེན་པོ་ཡིན་སྐོར་བཀའ་སྩལ་བ་དང། གྲོས་ཚོགས་འཐུས་མི་ཚོས་དྲི་བ་ཁག་གཅིག་ཞུས་པ་རྣམས་ལ་བཀའ་ལན་སྩལ་བ་དང་སྦྲགས་ད་ལྟའི་བོད་ནང་གི་ཆབ་སྲིད་དང་ཁོར་ཡུག་གི་གནས་སྟངས། དེ་བཞིན་བོད་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་མུ་མཐུད་བྱེད་བཞིན་ཡོད་པའི་དངོས་ཡོད་གནས་སྟངས་རྣམས་ཞིབ་ཁྲ་གསལ་བཤད་མཛད།
ཕྱོགས་མཚུངས་༸གོང་ས་མཆོག་གིས་ཉིན་དེར་ཇར་མན་བདུན་རེའི་གསར་ཤོག་ཌར་སི་པི་ཇེལ(Der Spiegel) ཞེས་པའི་གསར་འགོད་པའི་དྲི་བར་བཀའ་ལན་མཛད་ཡོད།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཕ་རན་སིའི་ཌེ་ནེལ་མི་ཊ་རན་ཐེབས་རྩའི་(Danielle MitterandFoundation)སྐུ་ཚབ་འཐུས་མི་ཁག་གཅིག་ལ་མཇལ་ཁ་སྩལ་ཏེ་ཐེབས་རྩ་བཙུགས་ནས་ད་བར་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་ཉིན་མོ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༠ ནང་སྲུང་རྩི་ཞུ་འཆར་ཡོད་པ་དང་། དུས་དྲན་གྱི་མཛད་སྒོའི་ཉིན་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དུས་རབས་ ༢༡ པ་དེ་མི་རབས་གཞོན་པ་ཚོར་དབང་ཡོད། དེར་བརྟེན་གཞོན་སྐྱེས་ཚོར་ལས་འགན་དང་གོ་སྐབས་ཧ་ཅང་ཡོད། མ་འོངས་པའི་སྤྱི་ཚོགས་ཀྱི་མདུན་ལམ་བཟང་ངན་ཇི་འདྲ་ཞིག་ལ་ཁ་ལོ་སྒྱུར་མིན་དེ་གཞོན་སྐྱེས་ཚོར་རག་ལུས་ཡོད། ངོས་ཀྱི་ལྕམ་སྐུ་ཌེ་ནེལ་མི་ཊ་རན་མཆོག་གིས་ད་བར་ཐེབས་རྩ་དེའི་བརྒྱུད་ཕྱག་ལས་གནང་བར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་དང་ལྕམ་སྐུ་མཆོག་ཚེ་རིང་ནད་མེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ།