༢༠༡༡ ཟླ་ ༨ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༣ ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་མགྲོན་ཁང་ནས་ཧེ་སེ་མངའ་སྡེའི་གྲོས་ཚོགས་སུ་ཆིབས་སྒྱུར་སྐྱོང་སྐབས་ལམ་བར་ཇར་མན་དད་ལྡན་མི་མང་བརྒྱ་ཕྲག་བརྒལ་བས་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་ཞུས་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་གྲལ་དུ་༸ཞབས་སོར་འཁོད་མཚམས་ཧེ་སེ་མངའ་སྡེའི་གྲོས་ཚོགས་ཀྱི་སྲིད་སྐྱོང་སྐུ་ཞབས་ནོར་བྷཊ་ཀཊ་མན་(Mr.Norbert Kartmann) མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུའི་འཚམས་འདྲི་གཟབ་རྒྱས་ཞུས་ཡོད།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་གྲོས་ཚོགས་སུ་བཀའ་སློབ་སྩོལ་སྐབས་ཧེ་སེ་མངའ་སྡེའི་གྲོས་ཚོགས་ནས་བོད་མི་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཧེ་སེའི་མི་མང་ཚོ་དང་བོད་མི་ཚོའི་དབར་དམིགས་བསལ་མཛའ་བརྩེའི་འབྲེལ་བ་ཡོད་པ་དེ་རྒྱུན་མཐུད་གནས་རྒྱུ་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ།
དེ་བཞིན་༸གོང་ས་མཆོག་གིས་ཆབ་སྲིད་ནང་བུད་མེད་ཀྱི་དབུ་ཁྲིད་གང་མང་འཐོན་ཐུབ་ཚེ་སྤྱི་ཚོགས་ལ་ཕན་འབྲས་ཆེ་བ་ཡོད་པས་དེ་ལྟར་འབད་བརྩོན་བྱེད་རྒྱུ་གལ་ཆེ་ཡིན་པ་དང་། སྤྱིར་སྐྱེས་སྟོབས་ཀྱི་ཆ་ནས་སྐྱེས་པ་ལས་བུད་མེད་ལ་བྱམས་བརྩེའི་ནུས་པ་འདོན་རྒྱུའི་ཆ་རྐྱེན་མང་བ་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ།
ཕྱོགས་མཚུངས་ཉིན་དེའི་སྔ་དྲོ་༸གོང་ས་མཆོག་གིས་སྤྱི་ཚོགས་ཞབས་ཞུ་བ་གཙོ་བོར་གྱུར་བའི་མི་གྲངས་བརྒྱ་ཕྲག་བརྒལ་བར་མི་ཚེ་དོན་དང་ལྡན་པ་ཞིག་ཇི་ལྟར་བསྐྱལ་ཐུབ་མིན་ཐོག་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ལྔ་ཙམ་ནས་ཕེབས་པའི་རྒྱ་རིགས་མཁས་དབང་དང་གསར་འགོད་པ། མང་གཙོ་དོན་གཉེར་བ། དེ་བཞིན་སོག་རིགས་དང་ཡུ་གུར་མི་རིགས་བཅས་ཁྱོན་མི་གྲངས་ ༧༠ ཙམ་ལ་མཇལ་ཁ་དང་ཁོང་རྣམ་དང་ཐུག་འཕྲད་བྱུང་བར་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང། རྒྱ་རིགས་ཆོས་གྲོགས་ཕོ་མོ་ཚོ་དང་ཐུག་འཕྲད་བྱེད་རྒྱུ་དེ་བོད་མི་དང་རྒྱ་མི་རིགས་གཉིས་དབར་གོ་བརྡ་མ་འཕྲོད་པའི་གནད་དོན་རྣམས་ཕན་ཚུན་གསལ་བཤད་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པར་བརྟེན་ཐུག་འཕྲད་དེ་རིགས་ཧ་ཅང་གལ་ཆེ་ཡིན་པ་དང་། རྒྱ་ནག་ནང་གྲངས་ཉུང་མི་རིགས་མང་པོ་ཡོད་པར་བརྟེན་གྲངས་ཉུང་མི་རིགས་ཕན་ཚུན་དབར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་པ་ལས་དྲག་གནོན་བྱས་ཚེ་དཀའ་ངལ་འཕར་མ་བཟོ་རྒྱུ་ཡིན། འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་པར་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་ངོས་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། བོད་ཀྱི་གནད་དོན་ཐོག་བཀའ་སློབ་སྩོལ་སྐབས། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་ཆོད་སེམས་ཡོད་པའི་རྣམ་པ་གང་ཡང་བཏོན་གྱི་མེད་པ་དང་། ང་ཚོས་རང་བཙན་མ་རྩོད་པར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རྩོད་ཀྱི་ཡོད། དེར་བརྟེན་རྒྱ་ནག་སྐམ་སའི་ནང་ཡོད་པའི་རྒྱ་རིགས་ཚོས་དངོས་ཡོད་གནས་ཚུལ་དེ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་། ཅེས་སོགས་ཀྱི་བཀའ་སློབ་དང་མཇལ་ཁ་སྩལ་ཡོད་པ་བཅས།།