༢༠༡༡ ཟླ་ ༨ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༡ རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སི་གྲོང་ཁྱེར་ཇི་ནི་ཝར་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་སྔ་དྲོ་ཐོག་མར་གྲོང་ཁྱེར་ཛུ་རིཀ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ཆོས་སྐྱབས་པ་ལགས་དང་རྒྱ་གར་གཞུང་ཚབ་ཁང་གི་འཐུས་མི་སྐུ་ཞབས་ཌོཀ་ཊོར་ན་གན་ཌ་ར་པར་ས་ཌི་མཆོག(Dr.T.V Nagendra Prasad) ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ར་ཡི་ཕེལ་ཇི་མ་ལོབ་(Mr.Raefel Gimalov) མཆོག ཚོང་དོན་སྒྲིག་འཛུགས་ཀྱི་སྐུ་ཚབ་འཐུས་མི་ཁག་གཅིག རི་ཀོན་དགོན་པའི་མཁན་པོ་མཆོག སུད་སི་དང་ལེ་ཁི་སི་ཊེན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ།
བུད་མེད་ལྷན་ཚོགས། ཡུ་རོབ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་སུད་སི་བོད་མི་ཚོས་ད་བར་བོད་དོན་ཆེད་ལྷག་བསམ་ཆེར་སྐྱེད་ཀྱིས་རང་དོན་རང་གཅེས་བྱས་པར་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་སུད་སིར་བོད་མི་སྐྱབས་བཅོལ་བ་ཚོས་སུད་སི་ཡུལ་ཁྲིམས་དང་སྤྱི་ཚོགས་ནང་མཉམ་སྦྲེལ་གང་ལེགས་བྱས་པར་བསྔགས་བརྗོད་མཛད་པ་དང་སྦྲགས། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཛ་དྲག་པོ་ཆགས་ཡོད་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུ་ཡིན་པ་༸གོང་ས་མཆོག་ལ་ཐུགས་ཡིད་གཙང་མ་ཡོད་སྐོར་བཀའ་སྩལ།
དེ་བཞིན་ཇི་ནི་ཝའི་གསར་འགྱུར་རྒྱུད་ལམ་ཊི་ཨེ་སི་ཨར་(TSR)ཞེས་པ་ཕ་རན་སིའི་སྐད་ཡིག་ཐོག་རྒྱང་བསྒྲགས་བྱེད་བཞིན་ཡོད་པའི་གསར་འགོད་པའི་དྲི་བར་བཀའ་ལན་མཛད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་པ་དེ་ཕུགས་ལ་བོད་མི་ཚོའི་བདེ་དོན་ལ་ཕན་རྒྱུ་ཡིན་སྐོར་བཀའ་སློབ་སྩལ་བ་མ་ཟད། སུད་སི་གཞུང་མང་གཉིས་ཀྱིས་ད་བར་བོད་མི་བཙན་བྱོལ་བ་ ༤༠༠༠ ཙམ་ལ་རོགས་རམ་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་སྩལ།
ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་ཕ་རན་སིའི་གྲོང་ཁྱེར་མོན་ཊེ་ས་ལི་ཝེ་(Mont Saleve)ཞེས་པ་དེར་
རྟེན་གཞི་བྱས་པའི་བཤད་སྒྲུབ་ཆོས་འཁོར་གླིང་ནང་པའི་ཆོས་ཚོགས་གསར་པ་དབུ་འབྱེད་དང་རབ་གནས་མཛད་རྒྱུ་ཡིན་འདུག་པ་བཅས།།