༢༠༡༡ ཟླ་ ༧ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༣ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༡ བར་ཨ་རིའི་གྲོས་ཚོགས་གོང་མའི་རས་སེལ་ལས་ཁུངས་ཀྱི་ཁང་ཨང་ ༤༡༨ ནང་ (Russell Senate Office Building,Room 418) དུ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་ཞུས་རྗེས་དེང་སྐབས་བོད་མི་རྣམས་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གལ་གནད་ཇི་ཙམ་ཆགས་ཡོད་མེད་སྐོར་དང་བོད་རྒྱ་གྲོས་མོལ་གྱི་འབྲེལ་ལམ་བཅས་ཀྱི་གནད་དོན་སྐོར་གླེང་སྟེགས་སྒོར་མོའི་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་འདུག ཚོགས་འདུ་གཙོ་སྐྱོང་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་ཤེ་རོ་ཌི་བྷོ་རོན་(Sherrod Brown) མཆོག་ཡིན་འདུག གཞན་ཡང་ཚོགས་འདུའི་སྐབས་བགྲོ་གླེང་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་ཨཀྱ་རིན་པོ་ཆེ་མཆོག ཝར་ཇི་ནི་ཡ་གཙུག་ལག་སློབ་གྲྭའི་ཆོས་ལུགས་ཚན་པའི་གཙུག་ལག་སློབ་དཔོན་སྐུ་ཞབས་ཌེ་ཝི་ཌི་གར་མ་ནོ་(Prof.David Germano) ལགས། ཆབ་སྲིད་བཙོན་ཟུར་ངག་དབང་བསང་གྲོལ་ལགས་བཅས་ཡིན་འདུག ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པ་(The Cogressional-Executive Commission on China) ནི་རྒྱ་ནག་ཕྱི་ལོ་ ༢༠༠༠ ལོར་འཛམ་གླིང་ཚོང་དོན་སྒྲིག་འཛུགས་(WTO) ནང་འཛུལ་རྒྱུའི་གྲ་སྒྲིག་བྱེད་སྐབས་ཨ་རི་དང་རྒྱ་ནག་གཉིས་དབར་མོས་མཐུན་ཐོག་བཙུགས་པ་ཞིག་ཡིན་འདུག ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ལས་དོན་གཙོ་བོ་རྣམས་ནི་འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་མི་སྣའི་ཐོབ་ཐང། ཆབ་སྲིད་བཙོན་པའི་ལོ་རྒྱུས་མཁོ་སྒྲུབ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་གསལ་བའི་ཐོབ་ཐང་རྣམས་ལ་རྩིས་མེད་རྡོག་རོལ་གྱིས་རྒྱ་ནག་གཞུང་གིས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན། རྒྱ་ནག་ནང་ཁྲིམས་ལུགས་གནས་སྟངས་ཡར་རྒྱས་ཡོང་ཐབས། གནད་དོན་དེ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་སུ་འབུལ་རྒྱུ་ཙམ་མ་ཟད། ལོ་འཁོར་སྙན་ཐོ་དང་ཆབ་སྲིད་བཙོན་པའི་ལོ་རྒྱུས་སོགས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་དྲ་རྒྱ་སོགས་ཀྱི་ནང་འགོད་རྒྱུ་ཡིན་འདུག་པ་བཅས།།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པས་བོད་ཀྱི་གནད་དོན་ཐོག་གླེང་སྟེགས་སྒོར་མོའི་ཚོགས་འདུ་ཞིག་གོ་སྒྲིག་གནང་བ།
གསར་གནས།
འབྲེལ་གནས།