༢༠༡༡ ཟླ་ ༧ ཚེས་ ༡ རེས་གཟའ་པ་སངས།
༄༅། །བོད་ཀྱི་དཔེ་མཛོད་ཁང་ནས་ལོ་ལྟར་ཟླ་བ་གསུམ་རིང་ཕྱི་ནང་གི་སློབ་མ་ཁག་གཅིག་ལ་སྒྱུར་གྱི་ཟབ་སྦྱོང་སྤྲོད་མུས་ཡིན་པ་ལྟར། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པའི་ནང་དཔེ་མཛོད་ཁང་གིས་གོ་སྒྲིག་ཐོག་ཕྱི་ནང་གི་སློབ་མ་ཁག་གཅིག་ལ་ཡིག་སྒྱུར་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་དབུས་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་དང། བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་ཚན་པའི་འགན་འཛིན་མཆོག་བསྟན་འཛིན་ལགས། ཟབ་ཁྲིད་པ་དང་། ཕྱི་ནང་གི་ཟབ་སྦྱོང་བ། དེ་བཞིན་གསར་འགོད་པ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༣༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོས་མར་མེ་ཞལ་ཕྱེ་གནང། དེ་རྗེས་དཔེ་མཛོད་དྲུང་ཆེས་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེས་གསུང་བཤད་གནང་དོན། རྩོམ་སྒྱུར་གྱི་ཕྱག་ལས་ཇི་འདྲ་ཞིག་ཡིན་ནའང་ཐུག་ས་དེ་བོད་ཀྱི་སྐད་ཡིག་གི་གནད་དོན་ལ་ཐུག་ཡོད་སྟབས། བོད་པའི་སྐད་ཡིག་དང་འབྲེལ་བའི་གཞི་རིམ་ཁ་ཤས་ཤིག་ཞུ་རྒྱུར།
དང་པོ། འཛམ་གླིང་ནང་སྐད་ཡིག་ཧ་ཅང་མང་པོ་ཡོད། ང་ཚོའི་བོད་མི་རིགས་ལ་སྤོབས་པ་བྱེད་རིན་ཆོག་པའི་གནས་ཚུལ་མང་པོ་ཞིག་ཡོད་པའི་ནང་ནས་གཅིག་ང་རང་ཚོའི་སྐད་ཡིག་དེ་ཆགས་ཡོད། མི་རིགས་གཞན་རྣམས་ལའང་སྐད་ཡིག་ཡོད་པར་བརྟེན། མི་གཞན་གྱི་ང་ཚོའི་སྐད་ཡིག་ལ་ཧ་ལས་དགོས་པ་ཅི་ཡོད་བསམ་སྲིད། སོ་སོའི་སྐད་ཡིག་གཅིག་པ་ཡིན་ནའང་དེའི་ཁྱད་ཆོས་དང་ཆེ་བ་དེ་དག་ཤེས་ན་སྤྲོ་བ་འཕེལ་གྱི་རེད། ང་ཚོའི་སྐད་ཡིག་ལ་སྐད་ཡིག་འགྲོ་སྟངས་ཀྱི་སྐད་ཡིག་རིག་གནས་ཤིག་ཡོད་པས་མཁས་པ་སུ་ཞིག་གིས་བལྟས་ཀྱང་སྐད་ཡིག་མང་པོའི་ནང་ནས་ང་ཚོའི་སྐད་ཡིག་ཕྱུག་ཤོས་ཤིག་ཡིན་པ་རྩོད་མེད་ཡིན། ཕལ་ཆེར་ལེགས་སྦྱར་གྱི་སྐད་ཡིག་དེ་ད་ལྟ་གསོན་པོར་གནས་ཡོད་ན་དངོས་གནས་འགྲན་ཆོག་པ་དང་ཨང་གཉིས་པ་ཡིན་ཤག་ཆགས་ཡོད། གལ་ཏེ་དེ་ལ་ཞིབ་འཇུག་གནང་ན་འུར་སྒྲོག་མིན་པར་ཧ་ཅང་གསལ་པོ་ཤེས་ཐུབ་རྒྱུ་ཞིག་ཡོད། རྩོམ་སྒྱུར་གྱི་ཕྱག་ལས་ཇི་འདྲ་ཞིག་གནང་ཡང་སོ་སོའི་སྐད་ཡིག་གི་རྩ་བ་དེ་དག་ཡག་པོ་ཞིག་དང་ཚགས་ཚུགས་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་ཡིན། དཔེར་ན། སྐད་ཡིག་ནང་ནས་མངོན་གསལ་དོད་ཤོས་དེ་སྒྲ་ཆགས་ཡོད། སྒྲ་གདངས་ཀྱི་ཐོག་ནས་བོད་པའི་སྐད་ཡིག་ནང་སྒྲ་གདངས་འདོན་མ་ཐུབ་མཁན་ཕལ་ཆེར་མེད། སྐད་ཡིག་གཞན་གྱི་ནང་ང་ཚོའི་སྐད་སྒྲ་འདོན་མ་ཐུབ་པ་མང་པོ་ཡོད། ང་ཚོའི་སྐད་ཡིག་ལ་སྒྲ་གདངས་དང་བརྡ་སྤྲོད་ཀྱི་འགྲོ་སྟངས། རྩ་བ་གཅིག་གི་ཐོག་ནས་བྱ་ཚིག མིང་ཚིག དུས་གསུམ་སོགས་འདྲ་མིན་གྱི་དབྱེ་བ་ཕྱེ་ཡོད་པར་བརྟེན། སོ་སོའི་སྐད་ཡིག་གི་ཁྱད་ཆོས་དེ་དག་ཡག་པོ་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས་ཡོད། ལྷག་པར་་ཁོང་གིས་གསུང་དོན། བོད་པའི་སྐད་ཡིག་དེ་རྩོམ་སྒྱུར་སྐད་ཡིག་དང་འབྲེལ་བའི་ལས་ཀ་བྱེད་རྒྱུ་ཁོ་ནའི་ཆེད་མིན་པར་བོད་པའི་རྩ་དོན་ཆེན་པོ་ཞིག་ཆགས་ཡོད། ཆོས་སྲིད་དང་རིག་གཞུང་སོགས་ཀྱི་རྩ་དོན་མང་པོ་ཞིག་ཡོད། རིག་གཞུང་སྲུང་སྐྱོབ་བྱེད་པར་སྐད་ཡིག་སྲུང་སྐྱོབ་བྱེད་དགོས། སྐད་ཡིག་སྲུང་སྐྱོབ་བྱེད་པར་སྔོན་མ་ནས་དར་ཚར་བའི་སྐད་ཡིག་རིག་གནས་དེ་དག་མི་ཉམས་རྒྱུན་འཛིན་དང། འགྱུར་འགྲོས་དེ་དག་མར་མཉམ་དུ་འགྲོ་གི་ཡོད་སྟབས། འཛམ་གླིང་ནང་ཚན་རིག་ལ་སོགས་པའི་རིག་གནས་གསར་པ་མང་པོ་ཞིག་བསླེབས་ཀྱི་ཡོད་པ་དེ་ཚོའི་བརྡ་དང་ཐ་སྙད་དེ་དག་བོད་པའི་སྐད་ནང་བླངས་ཏེ་ཁ་སྣོན་རྒྱག་མ་ཐུབ་ན། བོད་པའི་སྐད་ཡིག་དེ་ད་ལྟ་ལེགས་སྦྱར་སྐད་ཡིག་གི་གནས་སྟངས་ལྟ་བུ་ཆགས་རྒྱུར་མིག་མཐོང་ལག་ཟིན་རེད། ང་ཚོས་སྐད་ཡིག་གི་རྩ་དོན་དེ་གལ་ཆེན་པོའི་ནང་ནས་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྤྱིར་བོད་ཀྱི་དཔེ་མཛོད་ཁང་ནས་ཟླ་གསུམ་རིང་འཚོགས་རྒྱུའི་སྒྱུར་གྱི་ཟབ་སྦྱོང་དེ་ཕྱི་ལོ་ ༢༠༠༦ ལོར་འགོ་བཙུགས་ཡོད་པ་དང། སྒྱུར་གྱི་ཟབ་སྦྱོང་གི་རིང་སློབ་མ་ཚོར་སྒྱུར་གྱི་ཐབས་ལམ་དང་སྦྱོང་བརྡར། ནང་ཆོས་ཉམས་ལེན། བོད་ཀྱི་སྐད་ཡིག་དང་རྩོམ་བྲིས། དབྱིན་ཇིའི་སྐད་ཡིག་དང་རྩོམ་བྲིས། སྐད་སྒྱུར་གྱི་སྦྱོང་བརྡར་བཅས་ཀྱི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག དེ་བཞིན་ཟབ་ཁྲིད་པའི་ཁོངས་སུ་རྒན་བསྟན་འཛིན་ཚེ་དཔག་ལགས་དང། དགེ་བཤེས་ལྷག་རྡོར་ལགས། དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས། སངས་རྒྱས་བསྟན་དར་ལགས། ལྕམ་སྐུ་ལིན་ཌ་མོར་གྷན་(Ms.Linda Morgan) ལགས། ལྕམ་སྐུ་ཀེ་རི་ར་༝ཨི་ཊི་(Ms.Kerry Wright) ལགས། མཆོག་བསྟན་འཛིན་ལགས་བཅས་ཡིན་འདུག ཐེངས་འདིའི་ཟབ་སྦྱོང་ཐོག་རྒྱ་གར་ནང་ཡོད་པའི་མཐོ་སློབ་ཁག་གི་སློབ་མ་དང། ས་རཱ་བོད་ཀྱི་གཙུག་ལག་སློབ་ཁང་གི་སློབ་མ། སྨན་རྩིས་ཁང་གི་སྨན་པ། དེ་བཞིན་ཕྱི་རྒྱལ་ནས་ཡིན་པའི་སློབ་མ་ཁག་གཅིག་བཅས་ཁྱོན་ཟབ་སྦྱོང་བ་མི་གྲངས་ ༣༠ མཉམ་ཞུགས་གནང་ཡོད་པ་བཅས།།