༢༠༡༡ ཟླ་ ༧ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༧ ཉིན་ཕྱེད་ཡོལ་ཆུ་ཚོད་ ༧ པའི་ཐོག་དབུས་བོད་མིའི་འཛིན་སྐྱོང་ངོས་ནས་བཀའ་ཤག་སྐབས་བཅུ་གསུམ་པ་འཕོ་འགྱུར་གྱི་དགའ་སྐྱེལ་གསོལ་སྟོན་སྐབས་སྲི་ཞུ་བ་ཟུང་དྲུང་ཡན་ལ་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཐབ་ཡང་སྟེང་དུ་ཕུལ་ཡོད།
དེའི་སྐོར་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་ ༡༣ པའི་དུས་ཚོད་འཁྱུར་ལ་ཉེ་བའི་མཚམས་སུ་སླེབས་ཡོད། སྤྱིར་བཏང་ང་ཚོ་བོད་པའི་གོམས་སྲོལ་ལ་དགའ་སྐྱེལ་གྱི་གསོལ་སྟོན་འབུལ་རྒྱུ་ཞིག་ཡོད། དེ་ཡང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་བསྟན་པ་ཆབ་སྲིད་སྤྱི་དང་ཡང་སྒོས་བོད་ཀྱི་ཤེས་ཡོན་ཐོག་ལ་རླབས་ཆེན་མཛད་པ་བསྐྱངས་ཡོད། དེ་བཞིན་རྡ་སའི་དཀྱིལ་འཁོར་ནང་ཕེབས་ཏེ་དང་པོ་སྤྱི་འཐུས་ཚོགས་གཙོ་དང་དེ་ནས་བཀའ་ཁྲི་ཐེངས་གཉིས་བསྟུད་མར་ཚད་མཐོའི་འོས་ཐོབ་སྟེ་ལས་འགན་བཞེས་ཏེ་ད་ཆ་ལོ་ཉི་ཤུ་ཙམ་ཕྱིན་ཡོད། དེར་བརྟེན་ང་ཚོ་བཀའ་དྲུང་ཡིག་ཚང་དང་བློན་ཆེན་ལས་ཁུངས་བདུན་གྱི་དྲུང་ཆེ་རྣམས་ལྷན་འཛོམས་ཐོག་དེ་སྔ་ནས་ཡོད་པ་ལྟར་ད་ཐེངས་དགའ་སྐྱེལ་གྱི་གསོལ་སྟོན་འབུལ་ལམ་ཞུ་རྒྱུ་གོ་བསྡུར་གནང་སྟེ་གཙོ་བོ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དགའ་སྐྱེལ་གྱི་གསོལ་སྟོན་ཆགས་ཡོད། རྩ་བའི་བཀའ་ཁྲི་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་ ༡༢ དང་ ༡༣ ནང་ཕྱག་སྦྲེལ་བཀའ་བློན་རྣམས་ཀྱིས་ཀྱང་ཕྱར་གྲུ་མཉམ་འདེགས་གནང་སྟེ་བཙན་བྱོལ་སྒྲིག་འཛུགས་ནང་ཕྱག་ལས་ཕུན་སུམ་ཚོགས་པོ་གནང་ཡོད། དེ་ཡང་ངས་དོན་དག་གཙོ་བོ་གསུམ་ཐོག་ལ་ཤོད་ཀྱི་ཡིན།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་བཀའ་བློན་ཁྲི་པ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་ནས་འདས་པའི་ལོ་བཅུའམ་ལྔ་ད་ལྟ་བཀའ་ཤག་སྐབས་ ༡༣ པས་རླབས་ཆེན་གྱི་ཕྱག་ལས་རྒྱ་ཆེ་གནང་ཡོད་པའི་ནང་ཚན་ནས་ང་ཚོ་བོད་མི་རིགས་ཀྱི་ཡིད་ལ་བརྣག་པའི་གནད་དོན་གཙོ་བོ་བོད་དོན་བདེན་མཐའ་སེལ་རྒྱུ་དེ་ང་ཚོའི་དམིགས་ཡུལ་ཆགས་ཡོད། དེ་ཡང་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱི་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བརྒྱུད་ལམ་ཐོག་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་གཞུང་དང་མཉམ་དུ་མེས་འཚིགས་མེར་གཏུགས་ཀྱིས་ཐབས་ཤེས་གནང་ཡོད།
ལྷག་པར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་ནས་རྒྱ་ནག་དང་འབྲེལ་ལམ་སྔ་ཕྱིས་ཐེངས་བཅུ་གནང་ཡོད། གནད་དོན་དེ་རིགས་ང་ཚོ་གཞན་དབང་སྟབས་བསྟུན་ཐོག་ནས་འགྲོ་དགོས་སྟབས། སོ་སོའི་ངོས་ནས་ཆོད་སེམས་ཡོད་པ་དང་ཆ་རྐྱེན་དེ་དག་ཆ་ཚང་བསྐྲུན་ཡོད་ཀྱང་ཕར་ཕྱོགས་ནས་དེ་མཚུངས་མེད་སྟབས་གྲུབ་འབྲས་ཐོན་མིན་གང་རུང་ཞིག་བྱུང་ཡོད། ང་རང་དེ་སྔའི་བཀའ་ཤག་དང་ད་ལྟའི་བཀའ་ཤག་ནང་བཀའ་དྲུང་བྱས་ཏེ་ཧ་ལམ་ལོ་དྲུག་འཁོར་ལ་ཉེ་ཡོད། དེའི་ནང་ཕྱིར་བལྟས་ཤིག་བྱེད་སྐབས་བོད་རྒྱ་འབྲེལ་མོལ་ཐོག་ལའང་བཀའ་ཁྲི་མཆོག་གིས་དབུ་ཁྲིད་པའི་ད་ལྟའི་བཀའ་ཤག་གིས་ཡིག་ཆ་དེ་དག་ཧ་ཅང་ཡག་པོ་བཞག་གནང་ཡོད། མ་འོངས་པར་སུ་ཞིག་སླེབས་ཀྱང་བརྒྱུད་ལམ་དེའི་ཐོག་ནས་ཕྱིན་ན་ཏག་ཏག་བསྡད་ཐུབ་རྒྱུ་དང་། དེ་བཞིན་ང་ཚོའི་ལག་ཏུ་ཡོད་པའི་བཙན་བྱོལ་དུ་ཡོད་པའི་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་ཞེས་པ་དེ་བཀའ་ཁྲི་མཆོག་གིས་དང་ཐོག་བཀའ་བློན་ཁྲི་པ་གནང་སྐབས་སམ་སྤྱི་འཐུས་ཚོགས་གཙོའི་སྐབས་ཡིན་ནམ་གང་ལྟར་སྐབས་ཤིག་གསུང་བཤད་གནང་བའི་ནང་། ང་ཚོ་ཆོལ་གསུམ་མི་རིགས་ཞེས་པ་དེ་བོད་མི་རིགས་གཅིག་གྱུར་རེད། ང་ཚོ་མ་མཐུན་པ་དང་མ་འཆམ་པའི་དཀའ་ངལ་གང་ཡང་མེད། འོན་ཀྱང་དཀའ་ངལ་ཆགས་ས་དེ་ཁྱིམ་ཚང་ཁ་ཤས་ཤིག་དང་མི་བྱེ་བྲག་པ་ཁ་ཤས་ཤིག་མ་འཆམ་པར་བརྟེན་དཀའ་ངལ་ཞིག་ཆགས་ཡོད་ཅེས་གསུངས་ཡོད། མདོར་ན་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་མཛད་འགན་ལོ་བཅུ་བཞེས་སྐབས་འཛིན་སྐྱོང་གི་ས་ཁད་དེ་དག་ངེས་གཏན་ཞིག་གི་ཐོག་ལ་ཕྱིན་ཡོད་པ་མ་ཟད། གཞུང་དང་གཞུང་འབྲེལ་མིན་པ་གཉིས་ཐ་དད་དབྱེ་བ་ཕྱེ་པ་དེས་ང་ཚོའི་དཀའ་ངལ་མང་དག་ཅིག་སེལ་ཡོད། དེར་བརྟེན་ལོ་བཅུའི་ནང་ང་ཚོར་དེ་དག་ཐོག་དཀའ་ངལ་རྩ་བ་ནས་འཕྲད་མེད་དེ་ནི་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་ནུས་པའི་ཐོག་བཀའ་ཁྲི་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་གི་མཛད་རྗེས་ཆེ་ཤོས་ཆགས་ཡོད།
༢༽བོད་ཀྱི་ནང་བསྟན་དང་འབྲེལ་ཆགས་ཚོའི་སྤྱི་ཚོགས་ནང་དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན། དེའི་སྐོར་ལ་ཕྱི་ལོ་ ༡༩༧༦། ༧༧ དེ་འདྲ་ཞིག་གི་ནང་དེ་དུས་ང་རང་ལུགས་ཟུང་བསམ་གྲུབ་གླིང་གི་དབྱིན་དྲུང་ལས་འགན་འཁུར་བཞིན་ཡོད། ༸གོང་ས་མཆོག་གིས་ས་གནས་དེར་ཆིབས་སྒྱུར་བསྐྱངས་ཏེ་སེ་ར་བྱེས་སྨད་ཀྱི་མཁན་བླ་སྤྲུལ་དང་གཞུང་གི་ལས་བྱེད། དེ་བཞིན་ས་གནས་ཀྱི་གནད་ཡོད་སོགས་མི་སྣ་གང་ཙམ་ཞིག་ལ་དོལ་རྒྱལ་དང་འབྲེལ་བའི་བཀའ་སློབ་སྩལ་བ་ངས་ཐོག་མར་དེ་ནས་གོ་ཐོས་བྱུང། དེ་ནས་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་མཛད་མཁན་བཞེས་ཏེ་གནད་དོན་དེའི་ཐོག་༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཞུས་ཏེ་ནུས་པ་ཐོན་པ་གནང་མཁན་བཀའ་ཁྲི་མཆོག་མ་གཏོགས་བྱུང་མེད། དེ་བཞིན་བཀའ་ཁྲི་མཆོག་གིས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་༸གོང་ས་མཆོག་གི་དགོངས་གཞི་བསྒྲུབ་རྒྱུར་གདོང་ལེན་གང་འདྲ་གནང་དགོས་བྱུང་ཡང་གནང་སྟེ་ད་ལྟའི་ཆར་གསལ་པོ་ཆགས་ཡོད། ང་རང་ཚོ་བོད་ཀྱི་ནང་བསྟན་ལོ་རྒྱུས་ནང་ཞབས་ཕྱི་གལ་ཆེན་ཞིག་ཞུས་ཡོད། ཕྱོགས་མཚུངས་ང་ཚོའི་གཞིས་ཆགས་ཁག་སྲ་བརྟན་ཡོང་རྒྱུ་དང་། དེ་བཞིན་ཤེས་ཡོན་སྲིད་བྱུས་དེ་དག་རླབས་ཆེན་གྱི་གོམ་སྟབས་མངོན་སུམ་དུ་བསྒྲུབས་པའི་གནས་ཚུལ་ཞིག་ཆགས་ཡོད། ངས་སྐབས་དེར་ཤེས་རིག་དང་འབྲེལ་བའི་ཐོག་ཞུ་རྒྱུར། གཞི་རིམ་གྱི་རྨང་གཞི་དེ་གསལ་པོ་ཞིག་བཟོ་མ་ཐུབ་ན་འབྱུང་འགྱུར་དཀའ་ངལ་འཕྲད་ངེས་ཤིག་ཆགས་ཡོད། དེ་སྔ་ཡུ་རོབ་ནང་སྡོད་སྐབས་ང་རང་ཚོ་བོད་རིགས་ཚོར་ངས་བརྗོད་རྒྱུ་བྱུང། ང་ཚོ་བོད་པས་ཕྱི་ལུགས་ཀྱི་ཚན་རིག་དང། ཆབ་སྲིད། དཔལ་འབྱོར་བཅས་ལ་ཕྱི་རྒྱལ་བ་མཉམ་འགྲན་ཟླ་བྱས་ན། ད་ལྟའི་དུས་ཚོད་ལ་ང་ཚོས་འགྲན་ཐབས་མེད་པ་ནི་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་ང་ཚོའི་ཕར་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་དང་འགྲན་བསྡུར་བྱེད་ཐུབ་རྒྱུ་དེ་བོད་པའི་ཆོས་དང་རིག་གཞུང་ཡིན། བོད་པའི་ཆོས་དང་རིག་གཞུང་ཐུག་ས་ནི་བོད་པའི་སྐད་ཡིག་ལ་ཐུག་ཡོད། དེར་བརྟེན་སློབ་གྲྭའི་ནང་དམའ་རིམ་དང་གཞི་རིམ་ནས་ཤེས་ཡོན་སྲིད་བྱུས་དེའི་ཐོག་ཕྱིན་ན་འབྱུང་འགྱུར་ང་ཚོ་བོད་རིགས་གང་འདྲ་ཞིག་ཡིན་ནའང་སོ་སོའི་སྐད་དང་། རིག་གཞུང་། སྐད་ཡིག་སྟེང་མ་ཕོངས་པ་ཞིག་ཏན་ཏན་ཆགས་འགྲོ་གི་འདུག ངས་སྐབས་དེར་ཁོང་ཚོར་བརྗོད་པ་ཡིན། དཔེར་ན། ང་རང་ལྟ་བུར་མཚོན་ན་ཤེས་བྱ་ཡོན་ཏན་གང་ཡང་མེད།འོན་ཀྱང་ངས་བོད་སྐད་སྒྲ་དག་གསལ་གསུམ་བརྒྱབ་མ་ཐུབ་པ་དང། བོད་ཡིག་གི་ཐོག་གཏོང་ཡིག་འབྲི་མ་ཐུབ་ན་ཧ་ཅང་ངོ་ཚ་པོ་ཡོང་བ་འདུག མི་གཅིག་གི་ཁྱེད་རང་དབྱིན་ཇི་དང་ཧིན་དྷི་སྐད། དེ་དང་ཕྱོགས་མཚུངས་སྐད་ཡིག་གཞན་རྒྱག་ཤེས་ཀྱི་མི་འདུག་ཅེས་བརྗོད་ན་ངོ་ཚ་དགོས་དོན་མེད། གང་ཡིན་ཞེ་ན། དེ་ངའི་སྐད་ཡིག་མིན། སོ་སོའི་སྐད་ཡིག་མ་ཤེས་ན་ངོ་ཚ་དགོས་པ་རེད། ངས་ཤེས་ཡོན་སྲིད་བྱུས་དེ་གལ་ཆེན་པོ་ཞིག་ཡིན་པ་དང་། གལ་ཆེན་པོ་གནང་བ་དེར་བྱས་རྗེས་རླབས་ཆེན་ཡིན་པའི་ལོ་རྒྱུས་ཞུ་རྒྱུ་བྱུང།
༣༽དེ་བཞིན་ང་རང་ཚོའི་སྐྱེ་ལྡན་སོ་ནམ་ལ་སོགས་པ་གང་ལྟར་མདོར་བསྡུས་ན་བོད་པའི་སྤྱི་ཚོགས་སྲ་བརྟན་དང་ཕུགས་རིང་གནས་རྒྱུར་བཀའ་ཁྲི་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་གི་ངོས་ནས་དགོངས་པ་གང་བཞེས་ཡོད་པ་དང། བཀའ་ཁྲི་མཆོག་ནི་དགའ་ལྡན་ཕོ་བྲང་པའི་མང་གཙོའི་གཞུང་གི་བཀའ་ཁྲི་དང། མི་མང་ནས་འོས་འདེམས་བྱས་པའི་བཀའ་ཁྲི་དང་པོ་དེ་ཆགས་ཡོད། བར་སྐབས་ཤིག་ནས་ང་ཚོའི་ཆབ་སྲིད་ནང་ཐོག་མར་བལྟས་སྐབས་བློ་ཕམ་ཡོང་རྒྱུ་དང་བསམ་བློའི་ནང་མ་སྐྱིད་པའི་གནས་ཚུལ་འགྱུར་འགྲོས་ཕྱིན་པའི་གནས་སྐབས་སུའང་རིན་པོ་ཆེ་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་དང་པོ་དེ་ཆགས་ཡོད། གང་ལྟར་མིང་གི་འགྱུར་བ་གང་ཕྱིན་མིན་ལ་མ་བལྟོས་པར་དོན་དེ་ཏག་ཏག་བསྡད་ཡོད། བཀའ་ཁྲི་མཆོག་གི་དབུ་ཁྲིད་པའི་བཀའ་ཤག་གིས་ལོ་བཅུའི་ནང་ཕྱག་ལས་གནང་བ་དེ་དག་ལ་ང་ཚོ་སྲི་ཞུའི་ལས་བྱེད་ཚང་མའི་ངོས་ནས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་གི་ཡོད། ལྷག་པར་གཏན་ལ་ཕབ་པའི་མཛད་བྱུས་དེ་དག་ང་ཚོས་མུ་མཐུད་མཇུག་སྐྱོང་བྱ་རྒྱུའི་ཐོག་ཤུགས་སྣོན་རྒྱག་རྒྱུ་ཡིན། གང་ལ་ཞེ་ན། ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྲི་ཞུའི་ལས་བྱེད་ཐུན་མོང་གི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་དམ་འབུལ་གྱི་ཚིག་དེའི་ནང་དེ་ག་རང་ཞུས་ཡོད།
དེར་བརྟེན་ད་ལྟ་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ཡིན་ནའང་དོན་དངོས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བསིལ་གྲིབ་འོག་གནས་པའི་སྒྲིག་འཛུགས་ཤིག་ཡིན་སྟབས། ང་ཚོའི་ངོས་ནས་དེ་ག་རང་ཞུ་གི་ཡིན། བཀའ་ཁྲི་མཆོག་ནི་མཁས་བཙུན་བཟང་གསུམ་ལྡན་པའི་སྐྱེས་བུ་དམ་པ་ཞིག་ཡིན་དུས་ང་ཚོས་ཡར་འབོད་སྐུལ་གྱི་ཚུལ་དུ་མ་གཏོགས། རྩ་བའི་དགོངས་པ་བཞེས་ཀྱི་ཡོད་མ་རེད་ཅེས་ཞུ་རྒྱུ་ཁྱོ་ནས་མེད། ཕྱི་ཟླ་ ༨ ཚེས་ ༨ ནས་བཀའ་ཁྲི་མཆོག་བཀའ་ཁྲིའི་ལས་འགན་ལས་འཕོ་འགྱུར་གནང་གི་ཡོད་ནའང་། ད་དུང་མུ་མཐུད་ནས་༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཀྱིས་ཞབས་ཕྱི་གང་ཞུ་དགོས་བྱུང་ཡང་དེ་དག་མུ་མཐུད་ནས་ཞབས་འདེགས་གནང་རོགས་ཞེས་ངས་ཚང་མའི་ཚབས་ཞུས་ཏེ་འབོད་སྐུལ་ཞུ་གི་ཡོད། དེ་དང་ཕྱོགས་མཚུངས་ང་ཚོའི་བཀའ་བློན་རྣམ་པའི་ནང་ནས་བཀའ་བློན་འགའ་ཤས་རྗེས་མའི་བཀའ་ཤག་ནང་ཕེབས་སྲིད་པ་རེད། གང་ལྟར་ཕེབས་མིན་ལ་མ་ལྟོས་པར་བཀའ་བློན་གྱི་ལས་ཐོག་ཏུ་ཕེབས་པའི་ཉིན་མོར་རྣམ་པ་ཚོ་ཚང་མས་ལོ་ ༤༠།༥༠ རིང་བོད་སྤྱི་པའི་དོན་དུ་དཔའ་ངར་ལྡན་པའི་ཞབས་ཕྱི་ཞུས་པ་དེར་ཆབ་སྲིད་དང་མི་རིགས་གི་དོན་དུ་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་བཀའ་བློན་གྱི་ལས་གནས་ནས་འཕོས་ནའང་དཔའ་ངར་དེ་དག་མ་ཞུམ་པར་ས་གནས་གང་དུ་བཞུགས་ཀྱང་དེ་དེ་བཞིན་གྱི་ལས་འགུལ་གནང་རོགས་ཞེས་ང་ཚོ་ཚང་མས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ཞུས་ཡོད། དེ་བཞིན་ང་ཚོས་བཀའ་ཁྲི་མཆོག་ལ་ཕྱག་རྟགས་ཤིག་ཕུལ་ཡོད། ཕྱག་རྟགས་འབུལ་སྐབས་དྲུང་ཆེའི་ནང་ནས་བསླབ་པ་རྒན་ཤོས་དེ་ད་ལྟའི་ཆར་ཤེས་རིག་གི་དྲུང་ཆེ་ཆགས་ཡོད་སྟབས། ངས་ཤེས་རིག་དྲུང་ཆེར་ཕེབས་རོགས་ཞུས་པ་ལྟར་ཕེབས་ཏེ་ཁོང་གིས་བཀའ་བློན་ཁྲི་པ་མཆོག་ལ་ཕྱག་རྟགས་དེ་ཕུལ་ཡོད། ཕྱག་རྟགས་གང་འདྲ་ཞིག་འབུལ་མིན་ཐོག་ང་ཚོས་བཀའ་བསྡུར་མང་པོ་བྱས་མཐར་རིན་ཆེན་དངུལ་ལས་གྲུབ་པའི་དངུལ་ཀོང་ཞིག་འབུལ་རྒྱུའི་ཐག་གཅོད་བྱུང་བ་ལྟར་ཕུལ་བ་རེད། དེ་རྟེན་འབྲེལ་ག་རེ་རྩིས་ཀྱི་ཡོད་ཅེ་ན།
ད་ལྟའི་བཀའ་ཁྲི་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་དང་ལྷག་པར་བཀའ་ཁྲི་མཆོག་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པ་ཞིག་ཡིན་སྟབས། ད་ལྟ་བར་དུ་ང་ཚོ་བོད་པའི་སྤྱི་ཚོགས་ནང་མ་རིག་མུན་སེལ་གྱི་མཛད་འགན་བཞེས་པ་ལྟར། མ་འོངས་པ་ཡིན་ནའང་དེ་དེ་བཞིན་བྱས་ཏེ་མུན་པ་སེལ་རྒྱུའི་རྟགས་དང་རྟེན་འབྲེལ་རྩིས་ཏེ་ཕུལ་བ་རེད། ཅེས་འགྲེལ་བརྗོད་གནང་བྱུང་བ་བཅས། །