༢༠༡༡ ཟླ་ ༧ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བཀའ་ཤག་གི་ཚོགས་ཁང་དུ་བདེ་སྐྱིད་གླིང་ས་གནས་མི་མང་གི་སྐུ་ཚབ་མི་སྣ་བདུན་རྡ་སར་ཆེད་ཕེབས་ཀྱིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཐང་དང། དངུལ་གྱི་མཆོད་ཀོང་ཞིག་གཟེངས་བསྟོད་དུ་ཕུལ་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་གསུང་དོན། སྤྱིར་ད་བར་གང་ཞུས་ཐུབ་པ་དེ་ཁ་སང་ཁ་ཉིན་བསྐྱར་དུ་ཞུས་པ་བཞིན་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་རེད། མ་འོངས་པར་ཡང་ང་ཚོའི་མང་གཙོའི་སྤྱི་ཚོགས་ནང་གནད་དོན་གང་འདྲ་ཞིག་ཡིན་ནའང་གཙོ་བོ་མི་མང་གིས་ཐག་བཅད་དགོས་པའི་གནད་དོན་ཞིག་ཡིན་སྟབས། ད་ལྟ་བཞིན་མི་མང་ཚོས་སྤྱིར་བཏང་ཐུགས་འདུན་ཁྲིམས་གཙང་དགོས་རྒྱུ་དང་། དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་མ་འགལ་བ་གནང་ཐུབ་ན་དེ་ལས་ལྷག་པ་གང་ཡང་དགོས་ཀྱི་མ་རེད་བསམ་གྱི་འདུག ཐུགས་རྗེ་ཆེ། ཞེས་གསུངས་ཡོད།
དེ་རྗེས་གསར་འགོད་པས་འདི་གར་བདེ་སྐྱིད་གླིང་ནས་ཆེད་དུ་བཅར་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་འབུལ་མཁན་ཞིག་ལ་གཟེངས་བསྟོད་འདི་དག་བདེ་སྐྱིད་གླིང་གི་ཚོགས་པ་གང་དང་གང་ནས་ཡིན་སྐོར་དྲིས་པར་ཁོང་གིས་འགྲེལ་བརྗོད་གནང་དོན། གཟེངས་བསྟོད་འདི་བཞིན་བདེ་སྐྱིད་གླིང་ས་གནས་འཐུས་ཚོགས་དང། བོད་རང་དབང་བདེན་པའི་ལས་འགུལ། སྤྱི་མི་བརྒྱ་དཔོན། གཞོན་ནུ། བུད་མེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། ཆོལ་ཁ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། ལྷོ་ཁ་སྤྱི་ཚོགས་བདེ་དོན། དང་ཟུར་སྐྱིད་སྡུག་སོགས་ཚོགས་པ་སྐྱིད་སྡུག་ཁག་ ༡༤ ཐུན་མོང་གི་ངོས་ནས་བཀའ་ཁྲི་མཆོག་གིས་བཀའ་ཁྲིའི་འགན་འཁུར་བཞེས་པ་ཙམ་མ་ཟད། ཁོང་བཙན་བྱོལ་དུ་འབྱོར་ནས་ད་བར་བོད་མི་རིགས་དང་རྩ་དོན་གྱི་ཆེད་བྱས་རྗེས་རླབས་ཆེན་མང་དག་ཅིག་བསྒྲུབས་ཡོད་པར་བརྟེན། རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ལེགས་འབུལ་དང་བཀའ་དྲིན་རྗེ་དྲན་མཚོན་ཆེད་གཟེངས་བསྟོད་འདི་དག་ཕུལ་བ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་བ་བཅས།།