༢༠༡༡ ཟླ་ ༧ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་རྒྱ་གར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཡེ་ཌི་ཡུ་རབ་པ་ (B.S Yeddyurappa) མཆོག་གིས་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༦ ཕེབས་པའི་འཁྲུངས་སྐར་གྱི་དུས་ཆེན་ཉིན་འཚམས་འདྲི་བཀྲིས་བདེ་ལེགས་ཕུལ་བའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་མིའི་དད་གུས་ཆེ་ཤོས་ཞུ་ས་དང་རྒྱལ་སྤྱིའི་ནང་མཚན་སྙན་ཡོངས་སུ་གྲགས་པའི་མི་སྣ་གྲགས་ཅན་ཞིག་ཡིན། ཁོང་གིས་འཛམ་གླིང་ནང་འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེ་དང་འཚེ་མེད་ཞི་བ་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་ངས་ཡི་རང་བསྔགས་བརྗོད་ཐོག་གུས་འདུད་ཞུ་བ་དང་སྦྲགས་དེ་རིང་སྐུ་ཉིད་དགུང་གྲངས་ ༧༦ ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད། སྐབས་དེར་གྲོང་ཁྱེར་བྷེང་ལོར་ལྷོ་སྤྱི་ལས་ཁུངས་དང་བོད་ཁྱིམ་སློབ་གྲྭ་གཉིས་ཟུང་འབྲེལ་ཐོག་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ས་གནས་བོད་རིགས་ཚོས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོ་སྲུང་བརྩི་ཞུས་སྐབས་སྐུ་མགྲོན་གཙོ་བོར་ཀར་ཎ་ཊ་ཀ་མངའ་སྡེའི་ཁྲལ་སྡུའི་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཀེ་ཨེ་སི་པར་བྷ་ཀར་ར་ (Mr.K.S Prabhakara) མཆོག་ཕེབས་ཏེ་བོད་མི་ཚོར་མངའ་སྡེའི་སྲིད་གཞུང་གི་རོགས་རམ་གང་ཐུབ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གྱི་གསུང་བཤད་གནང་ཡོད་པ་མ་ཟད། མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཨེ་སི་ཨེམ་ཇམ་དཱར་ (S.M.Jaamdar) མཆོག་ནས་གནང་བའི་འཚམས་འདྲིའི་གསུང་བཤད་གཅིག་ཀྱང་མང་ཚོགས་ལ་གསལ་བསྒྲགས་བྱས་ཡོད་པ་བཅས།།
ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་མཆོག་གིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།
གསར་གནས།
འབྲེལ་གནས།