༢༠༡༡ ཟླ་ ༧ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་སྐྱོང་བཞིན་པ་དང་སྟབས་བསྟུན་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༩ དང་ ༡༠ ཉིན་གྲངས་གཉིས་རིང་མང་གཙོའི་རྒྱ་ནག་དང་མ་འོངས་པའི་བོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ཚོགས་འདུར་ཨ་རི་དང་ཁེ་ཎ་ཌའི་ས་གནས་ཁག་དང་། ཧོང་ཀོང་། ཐེ་ཝན། སིངྒ་པུར། དེ་བཞིན་རྒྱ་ནག་སྐམ་ས་བཅས་ནས་ཆེད་བཅར་ཞུས་པའི་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ། སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༡༤༤ ལྷག་ལྷན་འཛོམས་ཀྱིས་བགྲོ་གླེང་ཚོགས་ཡོད།
དེ་ཡང་བགྲོ་གླེང་གི་ཚོགས་འདུ་མཐའ་མ་སྟེ་ཕྱི་ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཉིན་དེའི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་མགོན་པོ་གང་ཉིད་མཆོག་གིས་བགྲོ་གླེང་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་དེར་འདུས་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ་རྣམས་ཀྱིས་གཙོས་མང་ཚོགས་ལ་བཀའ་སློབ་སྩལ་དོན། དེ་རིང་རྒྱ་རིགས་གྲོགས་པོ་ཚོ་ཐུག་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། ང་ཚོ་བོད་དང་རྒྱ་གཉིས་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་བ་ཡོད་པ་ཞིག་ཡིན། སྐབས་རེ་གཉེན་སྒྲིག་བྱེད་རྒྱུ་དང་ཆོས་ཕྱོགས་ནས་འབྲེལ་བ་བྱེད་རྒྱུ་བཅས་དངོས་གནས་དྲང་གནས་མཛའ་བརྩེའི་དུས་རབས་དེ་འདྲ་མང་པོ་བྱུང་ཡོད། ཡང་སྐབས་རེ་འཁྲུག་པ་ཕྲན་བུ་རྒྱག་རྒྱུ་ཡང་བྱུང་ཡོད། བར་སྐབས་གུང་ཁྲན་ཏང་གིས་འགོ་ཁྲིད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུགས་ནས་ཕལ་ཆེར་ཕྱི་ལོ་ ༡༩༥༤། ༥༥ བར་དངོས་གནས་དྲང་གནས། ལྷག་པར་ངོས་རང་པེ་ཅིང་དུ་འགྲོ་སྐབས་ཕན་ཚུན་གཅིག་གིས་གཅིག་ལ་བློ་འཁེལ་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་བྱུང། དཔེར་ན། ཕྱི་ལོ་ ༡༩༥༥ ལོར་ངོས་རང་པེ་ཅིང་ནས་ཕྱིར་ལོག་ཡོང་སྐབས་ལམ་བར་དུ་ཀྲང་གོ་ཧཱ་དང་ངོས་རང་ཐུག་བྱུང། སྐབས་དེར་ཀྲང་གོ་ཧཱ་ལྷ་ས་ནས་པེ་ཅིང་ལ་མར་ཡོང་གི་ཡོད་པ་དང་ངོས་རང་ཡར་ལྷ་སར་ཡོང་གི་ཡོད། ངོས་ཀྱིས་ཀྲང་གོ་ཧཱ་ལ། ངོས་རང་ན་ནིང་ལམ་འདི་ནས་མར་ཡོང་སྐབས་སེམས་ནང་དོགས་པ་དང་ཞེད་སྣང་བྱས་ནས་ཡོང་བ་ཡིན། ད་རེས་སེམས་ནང་ཡིད་ཆེས་བློ་བདེ་འདེང་འཁེལ་བ་བྱས་ནས་ཡར་ཡོང་གི་ཡོད་ཅེས་བརྗོད་རྒྱུ་བྱུང་། ངོས་རང་པེ་ཅིང་ལ་ཧ་ལམ་ཟླ་བ་ལྔ་དྲུག་རིང་བསྡད་པ་ཡིན། དེའི་རིང་ལ་ངོས་ཀྱིས་མར་ཁ་སེ་ལིན་ཉིན་རིང་ལུགས་དང་སྤྱྲི་ཚོགས་རིང་ལུགས་ཀྱི་སློབ་སྦྱོང་ཏོག་ཙམ་སྦྱང་པ་ཡིན། རྒྱལ་སྤྱིའི་རིང་ལུགས་གང་ཙམ་བསླབ་པ་རེད། དེ་རིང་ཁ་སང་ངོས་ཀྱིས་འཛམ་གླིང་སྤྱིའི་སྐོར་ལ་རྟག་པར་བརྗོད་བཞིན་ཡོད། རྒྱལ་སྤྱིའི་རིང་ལུགས་སྦྱང་པ་དེས་ཏོག་ཙམ་ཕན་ཡོད། དེ་དུས་མར་ཁ་སེ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ལ་ཧ་ཅང་དགའ་བོ་ཡོད། དེར་བརྟེན་ངོས་རང་གུང་ཁྲན་ཏང་ནང་འཛུལ་ཞུགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་ཡིན། སྐབས་དེར་གུང་ཁྲན་ཏང་ནང་ངོས་ཀྱི་བློ་མཐུན་གཙོ་བོ་ལེའུ་ཁ་པིན་གྱིས་ངོས་ལ་བྲེལ་བ་མ་བྱེད་ཅེས་བརྗོད་བྱུང་། ཕལ་ཆེར་ལེའུ་ཁ་པིན་གྱིས་ངོས་ལ་གསལ་པོ་མ་བརྗོད་པ་མ་གཏོགས་མ་འོངས་པར་གུང་ཁྲན་ཏང་ཏན་ཏན་རང་མེད་པ་དེ་ཁོང་གིས་ཤེས་ཀྱི་ཡོད་ས་རེད། ད་ལྟ་གུང་ཁྲན་ཏང་དེ་སྤྱི་ཚོགས་རིང་ལུགས་ཀྱི་གུང་ཁྲན་ཏང་རེད། དེ་རིང་ཁ་སང་སྤྱི་ཚོགས་རིང་ལུགས་དེ་ཁག་པོ་འདུག དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། ལྐོག་ཟ་རུལ་སུངས་ཚད་ལས་བརྒལ་བ་ཡོད་པ་རེད། ཕྱི་ལོ་ ༡༩༥༦ ནས་ ༥༧ ལ་ཀྲུང་དབྱང་གི་སྲིད་བྱུས་དེ་ཕལ་ཆེར་གཡོན་ཐལ་ཐོག་ཕྱིན་པའི་རྐྱེན་གྱིས་དཀའ་ངལ་དེ་འཕྲད་པ་རེད། མཐའ་མ་ཕྱི་ལོ་ ༡༩༥༩ ལོར་གནས་ཚུལ་དེ་དག་བྱུང་བ་རེད། ད་ལྟ་ང་ཚོར་དཀའ་ངལ་ཞིག་འཕྲད་བཞིན་ཡོད། དེ་ཡང་བོད་པ་གཅིག་པུ་མ་རེད། གྲངས་ཉུང་མི་རིགས་གཞན་དག་དང་རྒྱ་མི་རིགས་ཚོར་ཡང་དཀའ་ངལ་འཕྲད་བཞིན་འདུག དེར་བརྟེན་གང་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གི་དཀའ་ངལ་དེ་དག་མི་མང་གིས་སེལ་རྒྱུ་རེད་མ་གཏོགས་ཕྱི་ནས་སེལ་མཁན་ཞིག་ཡོང་གི་མ་རེད། ངོས་ཀྱིས་རྟག་པར་འདི་ཤོད་ཀྱི་ཡོད། འཛམ་གླིང་འདི་འཛམ་གླིང་མི་མང་ལ་བདག་ཡོད། དཔེར་ན། རྒྱ་ནག་ལ་ཆ་བཞག་ན་རྒྱ་ནག་མི་མང་ལ་བདག་ཡོད། འགོ་ཁྲིད་རེ་ཟུང་ལ་བདག་མེད་པར་བརྟེན་མཐར་ཐུག་ལུང་པ་དེའི་བདག་པོ་ངོ་མ་དེ་མི་མང་དེ་དག་རེད། ཀྲུང་གོ་གུང་ཁྲན་ཏང་ལ་འགོ་སྟོད་ཕལ་ཆེར་མི་མང་མང་དག་ཅིག་གིས་རྒྱབ་སྐྱོར་ཏན་ཏན་ཡོད། ལྷག་པར་ངལ་རྩོལ་མི་མང་གིས་རྒྱབ་སྐྱོར་ཡོད་པ་རེད། དེ་རིང་ཁ་སང་རང་དབང་ལྡན་པའི་ཐོག་ནས་འོས་བསྡུ་བྱས་ཚེ་གང་འདྲ་ཞིག་ཡོད་ན། དངོས་གནས་བྱས་ན་འོས་བསྡུ་བྱེད་དགོས། ངོས་ཀྱིས་རྟག་པར་འདི་ལྟར་བརྗོད་བཞིན་ཡོད། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱིས་དངོས་ཡོད་གནས་ཚུལ་ཤེས་ན། བཟང་དང་ངན་གྱི་རྣམ་དབྱེ་འབྱེད་རྒྱུའི་རྣམ་དཔྱོད་ཡོད་ཅེས་བརྗོད་ཀྱི་ཡོད། དེར་བརྟེན་གསར་འགྱུར་བཀག་སྡོམ་བྱེད་རྒྱུ་དང་ཡང་ན་འཁྱོག་བཤད་བྱེད་རྒྱུ་དེ་དག་དགོས་པ་གང་ཡང་མི་འདུག དཀའ་ངལ་མང་པོ་ཞིག་གནས་ཚུལ་གསལ་པོ་མེད་པ་དང་། འཁྱོག་བཤད། སྦས་སྐུང་བྱས་པར་བརྟེན་ནས་འཕྲད་བཞིན་འདུག དཔེར་ན། བོད་ཀྱི་གནས་ཚུལ་ལ་ཆ་བཞག་ན་དངོས་ཡོད་ཀྱི་གནས་ཚུལ་མ་ཤེས་པར་ཧ་ཅང་འཁྱོག་བཤད་བྱས་ཏེ་ཕྱི་ལོ་ ༢༠༠༨ རྗེས་ལ་ངོས་རང་བདུད་རེད་ཅེས་བརྗོད་སོང། དེ་དུས་ངོས་ཀྱིས་དེ་དག་གོ་ཐོས་ཡོང་སྐབས་ངོས་རང་བདུད་ཡིན། རྭ་ཅོ་ཡོད་བརྗོད་ཀྱི་ཡོད། དེ་ཚོའི་གྲས་དེ་ཕྲུ་གུའི་ལས་ཀ་ལྟ་བུ་ཞིག་འདུག དེར་བརྟེན་ང་རང་ཚོས་དངོས་ཡོད་ཀྱི་གནས་ཚུལ་ཤེས་པ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དཔེར་ན། བོད་ཀྱི་དཀའ་ངལ་ལ་ཆ་བཞག་ན། རྒྱ་རིགས་གྲོགས་པོ་ཚོས་དངོས་ཡོད་ཀྱི་གནས་ཚུལ་ཤེས་པའི་སྒོ་ནས་ཁྱེད་རང་ཚོས་ང་ཚོར་རོགས་རམ་བྱས་པའི་ཐོག་ནས་དཀའ་ངལ་དེ་དག་སེལ་དགོས། སྤྱི་མཐུན་རྒྱལ་ཁབ་ཅེས་པར་ངོས་རང་དངོས་གནས་དགའ་པོ་ཡོད། སྤྱི་མཐུན་ཡོང་བར་སེམས་ནས་འཆམ་མཐུན་དགོས། ཞེད་སྣང་ཐོག་ནས་སྤྱི་མཐུན་ཡོང་ཐབས་མེད། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་གནས་ཚུལ་བྱུང་བ་རེད། ཕྱི་ལོ་ ༢༠༠༩ ཤིན་ཅང་གི་གནས་ཚུལ་བྱུང་སོང་། ཕྱི་ལོ ༢༠༡༡ ལོར་སོག་པོ་ནང་ནས་ཡོང་བཞིན་འདུག དེ་ཚོའི་གྲས་ལ་དྲག་གནོན་བྱས་པས་ཕན་གྱི་མེད། དེ་དག་བདེན་པར་གདོང་ལེན་དང་གོ་བསྡུར་བྱས་ནས་སེལ་དགོས་པ་ཞིག་ཡིན། མ་གཞི་ཁྱེད་རང་ཚོའི་བསམ་ཚུལ་དང་འབོད་སྒྲ་དེ་པེ་ཅིང་ལ་གོ་མདོག་ཁ་པོ་མ་རེད། འོན་ཀྱང་ཁྱེད་རང་ཚོས་དངོས་ཡོད་ཀྱི་གནས་ཚུལ་ཤེས་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ད་ཆ་ངོས་རང་རྒན་ཡོལ་ཙམ་དུ་མ་ཟད་ལོ་ངོ་ ༤༠༠ ཉེ་བའི་ཏཱ་ལའི་བླ་མས་དགའ་ལྡན་ཕོ་བྲང་གི་སྲིད་དབང་འགྱུར་མཚམས་ཀྱི་དེ་རིང་འདིར་ངོས་རང་ལ་སྲིད་དབང་འགན་ཁུར་མེད་པའི་ཏཱ་ལའི་བླ་མ་ཞིག་ཁྱེད་རང་ཚོ་དང་ཐུག་རྒྱུའི་གོ་སྐབས་བྱུང་བ་རེད། ཁྱེད་རང་ཚོ་ཁ་ཤས་ཀྱིས་ཕལ་ཆེར་ཤེས་ཀྱི་རེད། ཕྱི་ལོ་ ༢༠༠༡ ལོ་ནས་ང་ཚོའི་ཆབ་སྲིད་ཀྱི་འགན་དེ་འོས་བསྡུ་བྱས་པའི་མི་དེས་ཆ་ཚང་ཁུར་ནས་ལོོ་བཅུ་ཕྱིན་ཡོད། དེའི་རིང་ལ་ངོས་རང་གི་གནས་སྟངས་དེ་ཕྱེད་རྒན་ཡོལ་ཆགས་ཡོད། ཕྱེད་རྒན་ཡོལ་གྱི་གནས་སྟངས་ཡིན་ཞེས་ངོས་ཀྱིས་རྟག་ཏུ་བརྗོད་ཀྱི་ཡོད་པས་ཁྱེད་རང་ཚོ་ཁ་ཤས་ཀྱིས་གོ་ཡོད་ཀྱི་རེད། ད་ཆ་རྒན་ཡོལ་ཆ་ཚང་ཙམ་དུ་མ་ཟད་པའི་ལོ་རྒྱུས་ཐོག་འགྱུར་བ་ཆེན་པོ་ཞིག་ངོས་ཀྱིས་བཏང་ཡོད། དེ་ཡང་དགའ་ཞིང་སྤྲོ་ཞིང་སྤོབས་པའི་ངང་ནས་བཏང་བ་ཡིན། ང་ཚོའི་འདི་ལོ་འོས་བསྡུ་བྱས་པའི་འགོ་ཁྲིད་གསར་པ་དེ་བློ་བཟང་སེང་གེ་རེད། ཁོང་རང་དེ་རིང་འདིར་བསླེབས་ཡོད། རྒྱ་གར་དུ་སྐྱེས་ཏེ་འཚར་ལོངས་བྱུང་ནས་ཐོག་མར་བོད་གཞུང་གི་གཏན་སློབ་ནང་སློབ་སྦྱོང་བྱས་རྗེས་ལྡི་ལི་མཐོ་སློབ་ཏུ་སློབ་སྦྱོང་བྱས་པ་རེད། དེ་ནས་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་ནང་སློབ་སྦྱོང་བྱས་ཏེ་དེང་དུས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཆགས་ཡོད། བོད་ཡིག་ཡག་ཉེས་གང་འདྲ་ཡོད་མེད་དེ་གཞི་ནས་རྒྱུགས་ལེན་རྒྱུ་ཡིན། གང་ལྟར་ངོས་ཀྱིས་ཡིད་ཆེས་གཙང་མ་ཡོད། དངོས་གནས་འགན་ཁུར་ཐུབ་མཁན་ཞིག་ཆགས་ཡོད།
ཁྱེད་རང་ཚོར་དྲི་བ་དང་བསམ་ཚུལ་གང་ཡོད་རུང་ཤོད་དགོས། མའོ་ཙེ་ཏུང་གིས་སྐྱོན་བརྗོད་དང་དུ་ལེན་དགོས་པ་རེད། སྐྱོན་བརྗོད་དང་དུ་མ་ལེན་ན་ཉ་མོ་ཆུ་དང་བྲལ་བ་རེད་ཅེས་པའི་སྐད་ཆ་དེ་ངོས་ཀྱིས་སྔོན་མ་ནས་སེམས་ལ་ངེས་ཡོད། དུས་ད་ལྟ་བར་དུ་ངོས་ཀྱིས་དེ་ཉམས་ལེན་བྱེད་ཀྱི་ཡོད། པེ་ཅིང་གིས་དོ་སྣང་དེ་འདྲ་རང་བྱེད་ཀྱི་མེད་པ་ལྟ་བུ་འདུག ཅེས་བཀའ་སློབ་སྩལ་གྲུབ་བསྟུན་དེར་འདུས་རྒྱ་རིགས་མཁས་དབང་སོགས་ལ་དྲི་བའི་གོ་སྐབས་གསོལ་རས་སྩལ་ཡོད།
སྐབས་དེར་རྒྱ་རིགས་ཤིག་གིས་ང་ལ་དྲི་བ་གཉིས་ཡོད། ང་ལས་ཀའི་རྒྱུ་རྐྱེན་ལ་བརྟེན་ནས་རྒྱ་ནག་སྐམ་སའི་མི་ཁ་ཤས་དང་ཐད་ཀར་འབྲེལ་བ་ཡོད། གལ་ཏེ་ངར་གོ་སྐབས་ནམ་བྱུང་ལ་ངས་ཐད་ཀར་ཏཱ་ལའི་བླ་མ་མཆོག་ལ་དྲི་བ་འདི་འབུལ་གྱི་ཡིན་ཞེས་ཁོང་ཚོར་དེ་སྔོན་བཤད་མྱོང།
དྲི་བ་དང་པོ། ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་ཏན་ཏན་བོད་ཀྱི་གྲོགས་པོ་རྣམས་ལ་ལམ་ཁ་ཡག་ཤོས་ཤིག་རེད་བསམ་གྱི་འདུག་གམ། ཡང་ན་སྐུ་ཉིད་རྒྱ་ནག་གུང་ཁྲན་ཏང་ལ་ཞེད་ནས་བརྗོད་ཕོད་ཀྱི་མེད་པ་ཡིན་ན། ང་ཚོས་དེར་རེ་བ་མཐོང་གི་མེད།
དྲི་བ་གཉིས་པ། དྲི་བ་འདི་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐུ་ཉིད་ཆབ་སྲིད་ཐོག་ནས་དགོངས་པ་ཞུས་དགོས་པའི་སྐོར་ཡིན། འཛམ་གླིང་གིས་བོད་ཀྱི་རིག་གཞུང་དང་བོད་ཐོག་གདེང་འཇོག དེ་བཞིན་བོད་སྤྱི་ཡོངས་ཀྱི་རྣམ་པ་དེས་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཡོད་པས་ཁྱེད་ཀྱིས་དེའི་ཐོག་དགོངས་ཚུལ་ག་རེ་ཡོད་དམ།
བཀའ་ལན། ངོས་ཀྱིས་དབུ་མའི་ལམ་ཞེས་པ་དེ་འཕྲལ་ཕུགས་རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ། དེ་བཞིན་ང་ཚོའི་ནང་ཁུལ་གྱི་འབྲེལ་ཡོད་ཚང་མར་གོ་བསྡུར་བྱས་ཏེ་དུས་སྐབས་མི་འདྲ་བར་ཛ་དྲག་གི་གནས་ཚུལ་ཡོང་སྐབས། བསྐྱར་དུ་གོ་བསྡུར་བྱས་ཏེ་ཚང་མས་མང་མོས་ཐོག་རྒྱབ་སྐྱོར་ཡོད་པ་ཞིག་རེད། གང་ལྟར་དེ་འཕྲལ་ཕུགས་རྒྱ་ཆེ་ནས་ཁེ་ཕན་ཡག་ཤོས་ཤིག་རེད་འདུག བོད་ནང་གི་ཤེས་ཡོན་ཅན་ངོས་རང་དངོས་སུ་ཐུག་པ་དེ་འདྲ་མང་པོ་ཡོད། ཡང་འཕྲིན་ལན་ཐོག་ནས་ངོས་ལ་གནས་ཚུལ་མང་པོ་གོ་ཡོད། ཤེས་ཡོན་ཅན་མང་ཆེ་བས་རྒྱབ་སྐྱོར་བྱེད་ཀྱི་འདུག ཕལ་ཆེར་འདས་པའི་ལོ་གཉིས་ལྷག་ཙམ་རིང་ལ་རྒྱ་རིགས་གྲོགས་པོ་དེ་འདྲས་རྩོམ་ཡིག་བྲིས་པ་ཧ་ལམ་ ༡༠༠༠ དེའི་ནང་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག རྒྱ་ནག་དབུས་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཀྱི་འདུག ད་ལྟ་འདིར་ང་ཚོའི་འགོ་ཁྲིད་གསར་པ་བསླེབས་ཡོད། ཁོང་རང་ལ་འོས་ཐོབ་རྗེས་ང་ཚོའི་དབུ་ལམ་གྱི་ཐོག་ལ་མུ་མཐུད་འགྲོ་རྒྱུ་ཡིན་པ་དེར་འགྱུར་བ་གང་ཡང་མེད་ཅེས་གསལ་པོ་བརྗོད་ཟིན་པ་རེད། དེ་ནས་དྲི་བ་གཉིས་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོང་རྒྱུར་ངོས་ཀྱིས་ཕྲན་བུ་ཞབས་འདེགས་བསྒྲུབས་ཡོད་པ་རེད། འོན་ཀྱང་གཙོ་བོ་བོད་རང་ཉིད་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་ཆོས་དང་རིག་གཞུང་ཧ་ཅང་གཞུང་ཕྱུག་པོ། མདོར་ན་ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་རྒྱུ་ཞིག་ཡོད་པ་ཡིན་སྟབས། དེའི་ཐོག་ལ་དོ་སྣང་བསླེབས་པ་རེད་མ་གཏོགས་ངོས་མི་གཅིག་གིས་འཇོན་པ་དེ་འདྲ་གང་ཡང་མིན། ཞེས་བཀའ་ལན་སྩལ།
དྲི་བ། ང་རང་ཁ་ཎ་ཌ་ནས་ཡོང་བའི་རྒྱ་རིགས་ཤིག་ཡིན། ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཐོག་ནས་དགོངས་ཞུ་ཐག་གཅོད་གནང་བར་ཧ་ཅང་གི་རྣམ་དཔྱོད་དང་བློ་སྟོབས་ཆེན་པོ་རེད་བསམ་བཞིན་ཡོད། འོན་ཀྱང་སྐུ་ཉིད་མཆོག་ནི་བོད་མི་མང་དང་འཛམ་གླིང་མི་མང་ཡོངས་ལ་བླ་ན་མེད་པ་ཞིག་ཆགས་ཡོད། ངའི་བསམ་པར་སྐུ་ཉིད་ཀྱིས་ཆབ་སྲིད་ནས་དགོངས་པ་ཞུས་པའི་ཐག་གཅོད་དེ་ཐུགས་ཐག་བཅད་ཡོད་མོད། འོན་ཀྱང་ད་ལྟའི་བོད་ཀྱི་གནས་སྟངས་འོག་ནས་ཐག་གཅོད་དེ་ཡོངས་སུ་ཐུབ་ཀྱི་རེད་བསམ་གྱི་མེད། མ་འོངས་པར་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ནང་སྐུ༜་ཉིད་མཆོག་གིས་ལྟ་སྟངས་གང་འདྲ་ཞིག་འཛིན་གནང་གི་རེད་དམ། ལྷག་པར་རྒྱ་ནག་དང་འབྲེལ་མོལ་གྱི་སྐོར་ལ་སྐུ་ཉིད་མཆོག་གིས་ལྟ་སྟངས་གང་འདྲ་ཞིག་འཛིན་གནང་གི་རེད་དམ།
བཀའ་ལན། ངོས་ཀྱི་ཆབ་སྲིད་ཀྱི་འགན་ཡོངས་རྫོགས་འོས་བསྡུ་བྱས་པའི་འགོ་ཁྲིད་དང་གྲོས་ཚོགས་ཐོག་ནས་འགན་ཆ་ཚང་འཁྱེར་རྒྱུ་རེད། དེ་ཡང་དམིགས་བསལ་ངོས་ཀྱི་མིང་བེད་སྤྱོད་བྱེད་རྒྱུ་དེ་འདྲ་བྱུང་བ་ཡིན་ན་དེའི་ཚེ་དེའི་དུས་སུ་ལྟ་རྒྱུ་རེད། དེ་གསལ་པོ་བཟོས་ཟིན། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ད་ལྟ་ངོས་རང་ཁ་བྲལ་བ་དང་། བདུད་དེ་འདྲ་ཞིག་ཡོད་པ་དེས་རྒྱ་ནག་གཞུང་སྤྱི་དང་ལྷག་པར་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་མཛད་དཀའ་ལྟ་བུ་ཡོད་ན། ངོས་རང་རྒན་ཡོལ་དུ་ཕྱིན་ཟིན་པ་རེད། བྱེད་བདེ་པོ་རེད། བོད་ཀྱི་སྐོར་དེ་ཏཱ་ལའི་བླ་མའི་རྙོག་གྲ་རེད་ཅེས་ཤོད་ཀྱི་འདུག དེ་མ་རེད། ཕྱི་ལོ་ ༡༩༨༠ ནང་ལ་དེ་དུས་ཧུའུ་ཡོ་པང་དང་ཏེང་ཞའོ་ཕིང་ཡོད། དོན་ཚན་ལྔ་ཅན་ཞིག་ངོས་ལ་ཡིག་ཐོག་ནས་སྤྲད་བྱུང། དོན་ཚན་ལྔ་ཀ་ངོས་ཀྱི་དོན་དག་རེད། ངོས་རང་ཕྱིར་ལོག་བྱེད་རྒྱུ་དང་། དེ་བཞིན་གོ་གནས་དང་ཐོབ་ཐང་ཕྱི་ལོ་ ༡༩༥༩ གོང་ལ་གང་ཡོད་པ་དེ་དག་ཚ་ཆང་བསྐྱར་གསོ་བྱེད་ཀྱི་ཡིན་ཞེས་དེ་འདྲ་ཞིག་འདུག དེ་དུས་ངོས་ཀྱིས་བརྗོད་པ་ཡིན། བོད་ཀྱི་རྩ་དོན་དང་རྙོག་གྲ་དེ་མ་རེད། རྩ་དོན་བོད་མི་ས་ཡ་དྲུག་གི་རང་དབང་དང་ཐོབ་ཐང་ལ་ཐུག་ཡོད་པ་མ་གཏོགས་ངོས་ཀྱི་དོན་དག་མ་རེད། རྩ་དོན་ཐོག་ལ་དགོངས་པ་བཞེས་རྒྱུ་ཞིག་མ་བྱུང་ན། ངོས་རང་ལོག་རྒྱུའི་སྐད་ཆ་ཤོད་རྒྱུ་མེད་ཅེས་བརྗོད་པ་ཡིན། དེ་སྔ་ཕན་ཆད་ཡིན་ན་ཡང་ངོས་རང་སྒེར་གྱི་དོན་དག་ཀྲུང་དབྱང་ལ་རེ་འདུན་བྱས་པ་ཏིལ་འབྲུ་ཙམ་ཞིག་མེད་ལ་མ་འོངས་པར་ཡིན་ནའང་ངོས་ཀྱི་སྒེར་གྱི་དོན་དག་ལ་རེ་འདུན་བྱེད་དགོས་པ་རྩ་བ་ནས་མེད། ཅེས་བཀའ་ལན་སྩལ་ཡོད།
དྲི་བ། ང་རང་ཨ་རིའི་རླུང་འཕྲིན་གྱི་གསར་འགོད་པ་ཞིག་ཡིན། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་རྒྱལ་སྤྱི་དང་མཐུན་པའི་མང་གཙོའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱས་ཡོད། འོན་ཀྱང་འོས་འདེམས་བྱེད་སྐབས་མི་ཚང་མ་སོ་སོའི་དགའ་ཕྱོགས་ཤིག་ཡོད། དཔེར་ན། ཨ་རིར་ཆ་མཚོན་ན། མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཡོད། དེ་བཞིན་ཐེ་ཝན་ལ་ཡང་མང་གཙོ་ཡར་ཐོན་ཚོགས་པ་དང་གུང་མིན་ཏང་ཚོགས་པ་གཉིས་ཡོད། མ་འོངས་པ་དབུ་མའི་ལམ་ལས་ལམ་ཁ་གསུམ་པ་དང་བཞི་པ་སོགས་བྱུང་ན། སྐུ་ཉིད་མཆོག་གིས་ལམ་གཞན་དག་ལ་ངོས་འཛིན་གྱི་རྣམ་པ་གང་འདྲ་ཡོད་དམ།
བཀའ་ལན། ངོས་ཀྱིས་དབུ་མའི་ལམ་གྱི་གྲོས་འཆར་ཐོག་མར་འདོན་སྐབས་ནས་མཐའ་མའི་ཐག་གཅོད་མི་མང་གིས་བྱེད་ཀྱི་རེད་ཅེས་བརྗོད་ཡོད། བོད་རིགས་ནང་རིགས་འགའ་ཤས་ཀྱིས་མང་ཆེ་བ་རང་བཙན་འདོད་ཀྱི་ཡོད་པ་རེད་ཅེས་ཤོད་ཀྱི་འདུག ངོས་ཀྱིས་ལོ་མང་པོ་དེ་དག་གི་རིང་ལ་གོང་དུ་ངོས་ཀྱིས་བརྗོད་པ་དེ་རེད། བོད་ནང་གི་མཁས་དབང་མང་པོ་ཞིག་དང་ངོས་འབྲེལ་བ་བྱུང་ཡོད། རང་དབང་ལུང་པའི་ནང་གི་མཁས་དབང་མང་པོ་ཞིག་ལ་གོ་བསྡུར་བྱུང་ཡོད། དེ་དག་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག གནས་ཚུལ་ཆ་ཚང་མ་ཤེས་པ་དང་གོ་རྟོགས་མེད་མཁན་ཚོས་ཧོབ་སྟེ་རང་སྐྱོང་དང་རང་བཙན་ག་རེ་དགོས་ཀྱི་འདུག་ཅེས་བརྗོད་ན། བར་དུ་ཧ་ཅང་སྡུག་པོ་མྱངས་ཡོད་སྟབས་རང་བཙན་དགོས་ཞེས་བརྗོད་ཀྱི་རེད། གནས་ཚུལ་དེ་ཁག་ཁག་རེད། དངོས་ཡོད་ཀྱི་གནས་ཚུལ་འཁྲུག་རྒྱུ་མེད། དཔེར་ན། ངོས་རང་ལ་ཆ་བཞག་ན་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་འདས་པའི་ལོ་དེའི་རིང་ལ་རྒྱུན་མ་ཆད་པ་ཡོད། དཔེར་ན། གཞོན་ནུ་ཚོགས་པར་ཆ་བཞག་ན། དབུ་མའི་ལམ་ལ་ངོ་རྒོལ་བྱེད་ཀྱི་ཡོད། ངོས་ཀྱིས་རྟག་པར་འདི་ལྟར་བརྗོད་ཀྱི་ཡོད། ཁྱེད་རང་ཚོས་རང་བཙན་བརྗོད་རྒྱུ་དེ་བོད་པའི་ཐོབ་ཐང་རེད་ལ་ཐོབ་ཐང་ཡོད། འོན་ཀྱང་ང་ཚོས་འདས་པའི་ལོ་རྒྱུས་ཀྱི་སྐད་ཆ་ཤོད་རྒྱུ་མ་རེད་ང་ཚོས་མ་འོངས་པར་ལྟ་དགོས། འཛམ་གླིང་ཧ་ཅང་འགྱུར་བ་ཆེན་པོ་འགྲོ་གི་ཡོད། དེ་ལྟ་བུའི་གནས་སྟངས་འོག་ནས་རང་རྒྱལ་གཞན་ཕམ་ཞེས་པའི་བསམ་ཚུལ་དང་ཐབས་ཤེས་དེ་དུས་ཚོད་ཡོལ་ཟིན། གཉིས་ཕན་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། གཉིས་ཕན་བྱེད་རྒྱུ་དེ་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་ལག་ལེན་འཁེལ་ཐུབ་རྒྱུ་ཞིག་རེད། དེར་བརྟེན་མ་འོངས་པའི་རྒྱ་ཆེ་ས་ནས་བསམ་བློ་གཏོང་སྐབས་ད་ལྟ་དབུ་མའི་ལམ་ཞེས་པ་དེ་རྒྱུ་མཚན་དེ་འདྲ་ཞིག་རེད། སྔོན་མ་ཧུའུ་ཅིན་ཐའོ་སྲིད་འཛིན་ཆགས་སྐབས། ཁོང་གིས་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཀྱི་ཡིན་ཞེས་བཤད་ཡོད། དེར་ངོས་ཀྱིས་རྒྱབ་སྐྱོར་ཆ་ཚང་ཡོད། ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་དེ་དུས་ནས་ངོས་ཀྱིས་བརྗོད་པ་ཡིན། འཆམ་མཐུན་ཡོང་བར་གཅིག་གིས་གཅིག་ལ་ཡིད་ཆེས་དགོས། ཡིད་ཆེས་དེ་ཡང་སེམས་ནང་ནས་དགོས། དེར་བརྟེན་འཆམ་མཐུན་ཡོང་རྒྱུའི་ཐབས་ལམ་གཙོ་བོ་དེ་གཅིག་གིས་གཅིག་ལ་ཡིད་ཆེས་ཡོང་རྒྱུ་དང་ཁ་གསལ་གཏིང་གསལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉེན་རྟོག་པ་དང་སྐོར་སྲུང་བ་མང་དུ་བཏང་བ་དེས་འཆམ་མཐུན་ཡོང་གི་མ་རེད་ཅེས་དེ་དུས་ནས་བརྗོད་ཀྱི་ཡོད། ད་ཆ་ལོ་ངོ་བཅུ་ཕྱིན་ཟིན་ཡང་འཆམ་མཐུན་དེ་ཙམ་ཡོང་གི་མི་འདུག ཁ་སྔོན་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་འཚོགས་སྐབས་ཡིག་ཆ་གཅིག་ནང་དེ་འདུག རྒྱལ་ནང་གི་བདེ་འཇགས་ཐོག་གི་འགྲོ་སོང་དེ་རྒྱལ་སྲུང་གི་འགྲོ་སོང་ལས་ཆེ་བ་ཡོད་པ་ཞིག་བཏོན་འདུག དེ་འདྲ་ཆགས་པོ་ཞིག་འདུག་གམ། དེར་བརྟེན་མི་ལ་ཡིད་ཆེས་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་བཞིན་རང་དབང་ཡང་གལ་ཆེན་པོ་རེད། བར་སྐབས་ཤེས་ཡོན་ཅན་མང་དག་ཅིག་གིས་རང་དབང་དགོས་ཀྱི་འདུག་ཅེས་དང་། རིགས་ཁ་ཤས་ཀྱིས་མང་གཙོ་དགོས་ཀྱི་འདུག ཆབ་སྲིད་ཀྱི་འགྱུར་བ་ངེས་པར་དུ་དགོས་ཀྱི་འདུག་ཅེས་ཝུན་ཅ་པའོས་ཐེངས་མང་པོ་ཞིག་བརྗོད་ཀྱི་འདུག དེ་ཚོའི་གྲས་དེ་གང་ལྟར་མི་མང་གིས་རང་དབང་དང་མང་གཙོ་ཞེས་པའི་འབོད་སྒྲ་དེ་ཆེ་རུ་ཆེ་རུ་འགྲོ་གི་འདུག དེ་དག་ལ་དོ་དམ་བྱས་ཏེ་ཁ་ཤས་བཙོན་དུ་བཅུག་པས་ཕན་གྱི་མ་རེད། དེས་གནས་ཚུལ་སྡུག་ཏུ་འགྲོ་བ་ལས་ཡག་ཏུ་འགྲོ་གི་མ་རེད། གལ་ཆེ་ཤོས་ཤིག་ངོས་ཀྱིས་འདི་དྲན་གྱི་ཡོད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་པོ་འགྲོ་བཞིན་ཡོད། དངོས་གནས་དྲང་གནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་འདིའི་ཐོག་ཞབས་འདེགས་བསྒྲུབ་རྒྱུའི་ཆ་རྐྱེན་དངོས་གནས་ཡོད། དེ་ལྟ་བུའི་ཞབས་འདེགས་ནུས་པ་ཐོན་པ་ཞིག་སྒྲུབ་པར་འཛམ་གླིང་ཁྱོན་ནས་གུས་ཞབས་དང་ཡིད་ཆེས་དགོས། འོན་ཀྱང་ད་ལྟ་དེ་མི་འདུག ད་ལྟའི་བྱེད་སྟངས་དེས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་སྟོབས་ཆེ་རུ་འགྲོ་སྐབས་དོགས་པ་དང་ཞེད་སྣང་ཆེ་རུ་འགྲོ་གི་འདུག་མ་གཏོགས་ཡིད་ཆེས་བྱེད་ཀྱི་མི་འདུག་པས་དེར་མི་རིགས་ཀྱི་གནད་དོན་གཅིག་པུ་མ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དངོས་གནས་དྲང་གནས་མཚན་སྙན་ལྡན་པ་ཞིག་དང་ནུས་པ་ཐོན་པ་ཞིག་ཡོང་བར་ཕྱི་གསལ་ནང་གསལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་རྟག་པར་འདི་བརྗོད་ཀྱི་ཡོད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལམ་སེང་མང་གཙོ་ཞེས་བརྗོད་པ་ཡིན་ན་ངོས་རང་ལ་ཐེ་ཚོམ་འདུག ཡང་ཟང་ཟིང་དེ་འདྲ་ཡོང་སྲིད་ཀྱི་རེད། ག་ལེར་ག་ལེར་འགྱུར་བ་འགྲོ་རྒྱུ་གཅིག་དང་། ག་ལེར་ག་ལེར་ངོས་རང་རྒན་ཡོལ་བྱས་པ་ལྟར་གུང་ཁྲན་ཏང་ག་ལེར་ག་ལེར་རྒན་ཡོལ་བྱས་ན་ཡག་པོ་རེད་ཅེས་བརྗོད་ཀྱི་ཡོད། ད་ལྟ་ལམ་སེང་དགོས་པ་དེ་ནི། ཕྱི་གསལ་ནང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གསར་འགྱུར་བཀག་སྡོམ་བྱེད་རྒྱུ་དེ་མཚམས་འཇོག་བྱེད་དགོས། དེ་བཞིན་འཁྱོག་བཤད་བྱེད་རྒྱུ་དེ་ཡང་མཚམས་འཇོག་དགོས། དེ་ནས་རིམ་པས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་ཚད་ལོང་བ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་རྩ་ཁྲིམས་དེ་ཡང་གུང་ཁྲན་ཏང་གི་རྩ་ཁྲིམས་རེད་འདུག རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ཚང་མར་ཁྱབ་ཐུབ་ཀྱི་མི་འདུག་ཅེས་བཀའ་ལན་སྩལ་ཡོད།
དྲི་བ། ང་རང་ནིའུ་ཡོཀ་ནས་ཡོང་བའི་རྒྱ་རིགས་ཤིག་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆོས་ལུགས་ཐོག་ནས་སྐུ་ཉིད་ཀྱིས་འཁོར་རྣམ་པ་བཞི་ལ་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད། ཆོས་ལུགས་སློབ་སྦྱོང་བྱེད་མཁན་ཚང་མས་ཧ་གོ་གི་ཡོད། དངོས་གནས་དྲང་གནས་ཀྱི་བཀའ་ཆོས་ཞུ་མཁན་གྱི་འཁོར་ཚོགས་རྣམ་བཞིར་གཏོགས་མཁན་ཡིན་ན། ནང་ཆོས་དང་མང་གཙོའི་ལྟ་གྲུབ་གཉིས་ཇི་ལྟར་བྱས་ནས་ཟུང་དུ་འབྲེལ་དགོས་སམ། ང་ཚོས་ཤེས་གསལ་ལ་རྒྱ་ནག་ནང་ཁུལ་གྱི་གྲྭ་བཙུན་མང་པོ་ཞིག་གིས་གུང་ཁྲན་ཏང་གི་དམར་ཤོག་གླུ་གཞས་སྐད་ཤུགས་ཆེན་པོས་གཏོང་གི་འདུག དེའི་ཐོག་སྐུ་ཉིད་མཆོག་ལ་དགོངས་ཚུལ་གང་ཡོད་དམ།
བཀའ་ལན། ངོས་རང་པེ་ཅིང་དུ་ཡོད་སྐབས་ངོས་ཀྱིས་རྩོམ་བྲིས་ཡོད། མའོ་ཙེ་ཏུང་ལ་བསྟོད་བསྔགས་ཤུགས་ཆེན་པོ་བཏང་ཡོད། ཡག་པོ་བྱས་ན་བསྟོད་བསྔགས་གཏོང་འོས་པ་རེད། འོན་ཀྱང་ཡག་པོ་མ་བྱས་ན་བསྟོད་བསྔགས་གཏོང་དགོས་པའི་རྒྱུ་མཚན་མེད། ཁ་ཉིན་རང་ངོས་ཀྱིས་བརྗོད་པ་ཡིན། ཀྲུང་གོ་གུང་ཁྲན་ཏང་བྱུང་ནས་ལོ་ངོ་ ༩༠ ཕྱིན་པའི་དུས་དྲན་བྱས་པ་རེད། མའོ་ཙེ་ཏུང་ཁོ་རང་ཚོ་ཡན་ཨན་ལ་ཡོད་དུས་དངོས་གནས་དྲང་གནས་བསམ་པ་རྣམ་དག་རེད། དེ་ཕལ་ཆེར་ཡལ་ཟིན་པ་ལྟ་བུ་འདུག དེར་བརྟེན་ངོས་ཀྱིས་ཁ་སེང་བརྗོད་པ་ཡིན། མའོ་ཙེ་ཏུང་དེ་རིང་བསྐྱར་དུ་བསླེབས་ན་ངའི་ཏང་དེ་ག་རེ་བྱས་འདུག མ་རྩ་རིང་ལུགས་ཀྱི་ཏང་ཞིག་ཆགས་འདུག ག་རེ་བྱས་པ་རེད་ཅེས་མའོ་ཙེ་ཏུང་ཧ་ལས་ཀྱི་རེད་ཅེས་ངོས་ཀྱིས་དེ་འདྲ་བརྗོད་པ་ཡིན། སྔོན་མ་མའོ་ཙེ་ཏུང་གིས་ཧའི་ལོ་ཞའོ་ཕྷུ་སུའུ་ལན་བཟོ་བཅོས་རིང་ལུགས་རེད་ཅེས་ཧ་ཅང་སྐྱོན་བརྗོད་བྱས་ཡོད། དེ་རིང་ཁ་སང་ཕལ་ཆེར་ཀྲུང་གོ་གུང་ཁྲན་ཏང་བཟོ་བཅོས་རིང་ལུགས་ཆེན་པོ་ཞིག་ཆགས་པ་ལྟ་བུ་འདུག དེར་བརྟེན་ད་གིན་ཁོང་གིས་གསུངས་པ་ལྟར་ཆོས་པ་ཞིག་གིས་གདུག་རྩུབ་བྱེད་མཁན་གྱི་མི་ལ་ཁོང་ཁྲོ་བྱེད་རྒྱུ་དེ་མ་འགྲིག་པ་རེད། གདུག་རྩུབ་བྱེད་མཁན་གྱི་མི་ལ་བྱང་བརྩེ་བྱེད་དགོས། འོན་ཀྱང་གདུག་རྩུབ་ཀྱི་བྱ་བ་དེར་ངོ་རྒོལ་བྱེད་དགོས། ངོས་ཀྱིས་ནམ་རྒྱུན་དུ་བརྗོད་ཀྱི་ཡོད། དཔེར་ན། འཇིག་རྟེན་བཀོད་པ་པོས་དཀོན་མཆོག་ཅེས་བརྗོད་ན། དཔེར་ན། བཅོམ་ལྡན་འདས་ལ་རྩིས་ན་དེ་མཚུངས་རེད། སྡིག་པ་གསོག་མཁན་གྱི་མི་ལ་བཅོམ་ལྡན་འདས་དང་དཀོན་མཆོག་ཡིན་ནའང་བརྩེ་བ་ཡོད་པ་རེད། ནམ་ཡང་བརྩེ་བ་དོར་གྱི་མ་རེད། འོན་ཀྱང་སྡིག་ཅན་མིས་བྱས་པའི་སྡིག་པར་ག་དུས་ཡིན་རུང་སྐྱོན་བརྗོད་དང་ངོ་རྒོལ་གནང་གི་རེད། ཅེས་བཀའ་ལན་སྩལ།
དྲི་བ། ང་རང་དྲུག་བཞིའི་དོན་རྐྱེན་རྗེས་ནས་ཕྱི་ཕྱོགས་སུ་འབྱོར་བའི་རྒྱ་རིགས་རྩོམ་པ་པོ་ཞིག་ཡིན། མ་གཞི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ནས་དགོངས་པ་ཞུས་ཟིན་ནའང་། གལ་ཏེ་འབྱུང་འགྱུར་རྒྱ་ནག་ཏུ་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཚེ་དེའི་དུས་སུ་རྒྱ་ནག་མི་མང་ལ་ཡ་རབས་བཟང་སྤྱོད་དང་ནང་བསམ་བློའི་ཐོག་ནས་སློབ་སྟོན་བྱེད་མཁན་ཞིག་དགོས་པ་དང་མཉམ་དུ་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཀྱང་དགོས་ཀྱི་ཡོད། དེའི་སྐབས་རྒྱ་ནག་མི་མང་ལ་སྨྲ་བརྗོད་རང་དབང་ཡོད་པའི་མི་མང་གི་བློ་མོས་སྐུ་ཉིད་མཆོག་ལ་ཕྱོགས་ཡོད། དེའི་ཕྱིར་སྐུ་ཉིད་མཆོག་ནས་ལོ་རྒྱུས་ཀྱི་འགན་ཁུར་ཆེན་པོ་དེ་བཞེས་རྒྱུའི་ཐུགས་མོས་ཡོད་དམ།
བཀའ་ལན། ངོས་ཀྱིས་སྔོན་མ་ནས་ངོས་རང་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། དེ་དང་ཆབས་ཅིག་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཐ་དད་དགོས་པ་རེད་ཅེས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་ངོས་ཀྱིས་དེ་ལྟར་རྟག་པར་བརྗོད་ཀྱི་ཡོད། མི་ལ་དེ་ལྟར་བརྗོད་བཞིན་ངོས་རང་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དབུ་ཁྲིད་བྱེད་རྒྱུ་དེ་ངོས་རང་ཁ་ནས་ཤོད་རྒྱུ་དང་ལག་ལེན་བསྟར་རྒྱུ་དེ་མི་འདྲ་བ་ཆགས་ཡོད། ད་ཆ་ངོས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་དགའ་ལྡན་ཕོ་བྲང་གི་ལུགས་གཉིས་ཀྱི་འགོ་ཁྲིད་བྱེད་རྒྱུ་མཚམས་བཞག་པ་དེ་ངོས་ཀྱིས་ཐག་གཅོད་གཙང་མ་ཞིག་བྱས་པ་ཡིན། ངོས་ཀྱིས་མ་འོངས་པར་ཆབ་སྲིད་ཀྱི་འགོ་ཁྲིད་ནམ་ཡང་བྱེད་ཀྱི་མ་རེད། ངོས་ཀྱིས་ཆོས་ཕྱོགས་ཐོག་ནས་ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། ཆོས་ཕྱོགས་ཐོག་ནས་ངོས་ཀྱིས་ཕན་ཐོགས་ག་པར་བྱེད་དགོས་བྱུང་ཡང་ངོས་རང་མ་འཆི་བར་བྱེད་ཀྱི་ཡིན། དཔེར་ན། འཛམ་གླིང་འདིའི་ཐོག་ངོས་ཀྱིས་ངོ་ཤེས་པ་ཚོར་རྟག་པར་མི་སྤྱོད་ཡ་རབས་དགོས་རྒྱུ་དང་། ཡ་རབས་བྱས་ན་སྐྱེ་བ་ཕྱི་མར་ཕན་གྱི་རེད་ཅེས་བརྗོད་ཀྱི་མེད། ཡ་རབས་བྱས་ན་མི་ཚེ་འདིར་སེམས་སྐྱིད་པ་ཡོང་རྒྱུ་དང་། དངོས་གནས་དྲང་གནས་ཀྱི་འཆམ་མཐུན་དེའི་ཐོག་ནས་ཡོང་གི་ཡོད། དེར་བརྟེན་ངོས་ཀྱིས་འདི་ཤོད་ཀྱི་ཡོད། གཉིས་པ་ཆོས་ལུགས་མཐུན་སྒྲིལ་བྱེད་རྒྱུ་དེ་ཤོད་བཞིན་ཡོད། དེ་གཉིས་ངོས་རང་མ་འཆི་བར་དུ་ཞབས་འདེགས་སྒྲུབ་ཀྱི་རེད་ལ་མ་འོངས་པར་རྒྱ་ནག་སྐམ་ས་ཆེན་མོར་ལོག་རྒྱུའི་དུས་ཚོད་བྱུང་ན་ཡང། རྒྱ་ནག་མི་མང་ལ་སེམས་ཀྱི་བདེ་སྐྱིད་དགོས་ཀྱི་རེད། དངོས་པོ་ཡར་རྒྱས་དང་དངུལ་ཁོ་ནས་སེམས་ཀྱི་བདེ་སྐྱིད་བཟོ་ཐུབ་ཀྱི་མེད། ད་ལྟ་ལྐོག་ཟ་རུལ་སུངས་ཧ་ཅང་ཡོད། ལྐོག་ཟ་རུལ་སུངས་ཞེས་པ་དེ་ཡ་རབས་ཐོག་སོ་སོས་རང་ཁྲིམས་སྲུང་རྒྱུ་དེ་མེད་ན། ཕྱི་ནས་ལྐོག་ཟ་རུལ་སུངས་ལ་དམ་བསྒྲགས་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། དེ་འདྲའི་ཐོག་ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་ཡིན་པའི་ངོས་ནས་ག་རེ་ཕན་ཐོགས་བྱེད་རྒྱུ་ཡོད་ན་དེ་ངོས་ཀྱིས་བྱེད་ཀྱི་རེད། ཅེས་བཀའ་ལན་སྩལ།
དྲི་བ། ང་རང་ཨོ་སི་ཊོ་ལི་ཡ་ནས་ཡོང་བའི་རྒྱ་རིགས་ཤིག་ཡིན། ངས་རང་དབང་མང་གཙོའི་བསམ་བློ་ཅན་གྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བཀུར་ཆེན་པོ་ཞུ་བཞིན་ཡོད། ངས་ཤེས་འདོད་པ་ཞིག་ལ་སྐུ་ཉིད་མཆོག་མང་གཙོ་དང་རང་དབང་ལ་དེ་ལྟ་བུའི་འདུན་པ་ཤུགས་དྲག་དང་གཏན་པོ་ཡོད་པ་དེ་ནང་ཆོས་ཀྱི་གཞུང་ནས་བྱུང་བ་ཞིག་རེད་དམ། ཡང་ན་སྐུ་ཉིད་མཆོག་གི་རང་དབང་རིང་ལུགས་ཀྱི་དཔེ་དེབ་སློབ་སྦྱོང་གནང་སྟེ་བྱུང་བ་ཞིག་རེད་དམ།
བཀའ་ལན། ཕྱོགས་གཅིག་ནས་སངས་རྒྱས་ཀྱི་ཆོས་ནང་རང་དབང་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག ཐར་པའི་གོ་འཕང་ཞེས་པ་དེ་རང་དབང་ཐར་ཐུག་ཅིག་རེད་འདུག དེ་མིན་ངོས་རང་ལོ་ན་ ༡༣།༡༤ ཡིན་སྐབས་ནས་བོད་ཀྱི་དེ་སྔའི་ཆབ་སྲིད་སྐྱོང་སྟངས་དེར་ངོས་ཀྱིས་སྐྱོན་མང་དག་ཅིག་མཐོང་གི་ཡོད། དྲང་པོ་མི་འདུག མི་ཉམ་ཆུང་ཚོར་གྱོང་རག་གི་འདུག དེ་ནས་ངོས་རང་ལོ་ ༡༦ ཕྱི་ལོ་ ༡༩༥༠ ལོར་ཆབ་སྲིད་ཀྱི་འགན་དེ་བསླེབས་པ་རེད། ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་སྤྱི་ཚོགས་བཙུགས་ཏེ་བསྒྱུར་བཅོས་ཀྱི་འགོ་ཞིག་བཙུགས་པ་རེད། འོན་ཀྱང་མཐའ་འཁྱོལ་བ་ཞིག་བྱུང་མེད། བོད་ཀྱི་ལས་དོན་མི་སྣས་དེར་འདོད་པ་དེ་ཙམ་བྱེད་ཀྱི་མི་འདུག བོད་ཀྱི་ལས་དོན་མི་སྣའི་བསམ་བློའི་ནང་རྒྱ་ནག་ནང་བསྒྱུར་བཅོས་བཏང་བ་ལྟར་བསྒྱུར་བཅོས་ཤིག་དགོས་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་པས་བསྒྱུར་བཅོས་བཏང་བ་ཡིན་ན། དེས་འགལ་རྐྱེན་ཆགས་ཀྱི་རེད་བསམ་པའི་དོགས་པ་དང་ཞེད་སྣང་ཡོད་པ་རེད། ཕྱི་ལོ་ ༡༩༥༤ ལོར་ངོས་རང་པེ་ཅིང་དུ་བསླེབས་པ་རེད། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཚོགས་ཀྱི་ཡོད། དེ་དུས་ངོས་རང་དེའི་ཚོགས་མི་ཡིན། ཚོགས་འདུའི་ནང་འགོ་ཁྲིད་ཚོས་ལེགས་སྦྱར་ཧ་ཅང་རིང་པོ་འདོན་སྐབས་ངོས་ཀྱི་འཁྲིས་ལ་ཁྲན་ཧྲུ་ཐུང་དང་ལེ་ཆི་ཧྲན། ཧའོ་ཡང་པིན་ཁོང་ཚོའི་གྲས་བགྲེས་སོང་རྣམས་ངོས་དང་མཉམ་དུ་ཡོད། ཁོང་ཚོ་གུང་ཁྲན་ཏང་ཡོན་མ་རེད། ལེགས་སྦྱར་རིང་པོ་གཏོང་སྐབས་ཁོང་ཚོ་བགྲེས་སོང་ཚོ་གཉིད་ཁུག་ནས་སྡོད་ཀྱི་རེད། ཐག་གཅོད་དེ་འདྲ་བྱེད་སྐབས་ཚང་མས་ལག་པ་རྐྱོང་དགོས་ཀྱི་ཡོད། ལག་པ་རྐྱོང་སྐབས་བགྲེས་སོང་ཁ་ཤས་གཉིད་ཁུག་པ་རྣམས་གཉིད་དཀྲོག་སྟེ་ལག་པ་རྐྱོང་དགོས་ཀྱི་འདུག་ཅེས་བརྗོད་དགོས་ཀྱི་ཡོད། གང་ལྟར་འཇམ་ཐིང་ངེར་སྒྲིག་འཛུགས་ལྡན་པ་རེད། ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་བསླེབས་པ་རེད། ངོས་རང་རྒྱ་གར་གྱི་གྲོས་ཚོགས་ནང་ལྟ་སྐོར་དུ་སྐྱོད་སྐབས། སྐད་ཅོར་གྱིས་ཁེངས་འདུག གཞུང་ལ་སྐྱོན་འཛུགས་བྱེད་རྒྱུ་དང་། དེ་དུས་ཇོ་ཧཱ་ལ་ནེ་རུ་སྲིད་བློན་རེད། ཇོ་ཧཱ་ལ་ནེ་རུ་སྐྱོན་བརྗོད་བྱེད་རྒྱུའི་གྲས་དེ་ད་དུང་སྤོབས་པ་བྱེད་ཀྱི་འདུག དངོས་གནས་དྲང་གནས་ཀྱི་གཏམ་བརྗོད་དང་བསམ་བློ་རང་དབང་འདིར་འདུག་བསམ་པ་དྲན་བྱུང་། དེ་དུས་ཀྲའུ་ཨན་ལེན་དང་ཧའོ་ལུང་ཁོང་གཉིས་ལྡི་ལིར་འབྱོར་ཡོད། སྲིད་བློན་གཞོན་པ་རེད། དེ་དུས་ངོས་ཀྱིས་ཀྲའུ་ཨན་ལེན་ལ་བརྗོད་པ་ཡིན། རྒྱ་གར་གྱི་གྲོས་ཚོགས་དེ་པེ་ཅིང་གི་གྲོས་ཚོགས་དང་རྩ་བ་འདྲ་གི་མི་འདུག སྐད་ཆ་ཧ་ཅང་ཤུགས་ཆེན་པོ་ཤོད་ཀྱི་འདུག་ཅེས་བརྗོད་པ་ཡིན། ཀྲའུ་ཨན་ལེན་གྱིས་དེང་སང་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་དེ་ཡང་ཡག་ཏུ་ཕྱིན་ཡོད་ཅེས་བརྗོད་བྱུང་། མང་གཙོ་ཞེས་པ་དེ་དེ་དུས་ནས་ངོས་ཀྱི་སེམས་ནང་ཧ་ཅང་འཇུག་པོ་བྱུང། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བསླེབས་པ་རེད། ཕྱི་ལོ་ ༡༩༦༠ ལོ་འགོ་ནས་མང་གཙོ་བྱེད་རྒྱུའི་ལག་ལེན་གོ་རིམ་འགོ་བཙུགས་པ་ཡིན། དེ་ནས་གོམ་པ་རིམ་སྤོས་བྱས་ཏེ་མཐའ་མ་ཕྱི་ལོ་ ༢༠༠༡ ལོར་ཆབ་སྲིད་ཀྱི་འགོ་ཁྲིད་དེ་འོས་བསྡུའི་ཐོག་ནས་འདེམས་ཐོན་བྱེད་རྒྱུ་བྱུང་བ་རེད། དེར་བརྟེན་ངོས་ཀྱིས་མང་གཙོ་ཞེས་པ་དེ་ངོས་རང་ཧོབ་སྟེ་གཉིད་བསད་པ་ལྟ་བུ་མིན། ཧ་ལམ་ལོ་ངོ་ ༦༠ ཙམ་གྱི་རིང་གི་ཉམས་མྱོང་དེ་འདྲ་བྱས་ནས་ཕྱིན་པ་རེད། དེ་རིང་ངོས་རང་འདིར་གཙོ་བོ་དུས་འཁོར་དབང་ཆེན་བྱེད་བར་ཡོང་བ་རེད། དེར་བརྟེན་ཉིན་རེ་ཉིན་རེའི་འདོན་པ་འདོན་རྒྱུ་དེ་དག་ཧ་ཅང་མང་པོ་ཆགས་ཡོད། དེ་རིང་ཁ་སང་སྔ་དྲོའི་ཆུ་ཚོད་ ༣ ཙམ་ནས་ཡར་ལང་སྟེ་ངོས་རང་གི་ཁ་འདོན་དང་ཚོགས་ཀྱི་འདོན་པ་འདོན་རྒྱུ་དེ་དག་བྱེད་སྐབས་དུས་ཚོད་ཧ་ཅང་འགོར་འགྲོ་གི་འདུག དེ་རིང་འདིར་ལྷོད་ལྷོད་ཐོག་ཐུག་རྒྱུའི་དུས་ཚོད་མ་བྱུང་ཡང་རྗེས་མ་ང་ཚོ་ལྷོད་ལྷོད་བྱས་ནས་ཐུག་གི་རེད། དེ་བཞིན་ང་ཚོས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ཐོག་ནས་ཁྱེད་རང་ཚོ་དང་སྐད་ཆ་བྱུང་ཟིན་པ་འདྲ། དེར་བརྟེན་ཁྱེད་རང་ཚོས་དུས་དུས་ལ་དགོངས་འཇགས་དེ་འདྲ་ཡོད་ན། ཀུན་དགའ་བཀྲ་ཤིས་འདིར་ཡོད་བཞིན་པ་རེད་ཁྱེད་རང་ཚོས་འབྲེལ་བ་བྱོས། ཡང་གལ་ཆེ་བ་དེ་འདྲ་ཡོད་ན་ཚེ་རྒྱམ་ངོས་ཀྱི་ཡིག་ཚང་ནང་སྡོད་ཀྱི་ཡོད། ཁྱེད་རང་ཚོས་འབྲེལ་བ་བྱས་པ་ཡིན་ན་ག་དུས་ཡིན་ཡང་དགའ་བསུ་ཡོད། ཐུགས་རྗེ་ཆེ་ཞེས་བཀའ་སློབ་དང་བཀའ་ལན་ཟབ་རྒྱས་ཕེབས་ཡོད།
༸གོང་ས་མཆོག་གིས་མང་གཙོའི་རྒྱ་ནག་དང་མ་འོངས་པའི་བོད་ཅེས་པའི་བགྲོ་གླེང་ཚོགས་འདུར་དབུ་བཞུགས་མཛད་དེ་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།