དེ་རིང་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ྋསྐུའི་འཁྲུངས་སྐར་དུས་ཆེན་གྱི་རྟེན་འབྱུང་མཛད་སྟོན་མཚར་དུ་དངར་བ་སྐྱོང་བཞིན་པའི་དུས་བཟང་འདིར་ཕེབས་པའི་སྐུ་མགྲོན་ཡོངས་ལ། གུས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཡིད་སྤྲོའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
མགོན་པོ་གང་ཉིད་བོད་རབ་བྱུང་ ༡༦ པའི་ཤིང་ཕག་ཟླ་ ༥ པའི་ཚེས་ ༥ དང་ཕྱི་ལོ་ ༡༩༣༥ ཟླ་ ༧ པའི་ཚེས་ ༦ ཉིན་བོད་ཀྱི་མངའ་ཁུལ་མདོ་སྨད་ས་ཡི་ཐིག་ལེ་སྟག་མཚེར་དུ་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་ངོ་མཚར་རྨད་དུ་བྱུང་བའི་ལྟས་དང་བཅས་ལེགས་པར་སྐུ་བལྟམས། སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་མངའ་གསོལ་ཞུས་ཏེ། དེ་རིང་བཀྲ་ཤིས་དགའ་སྟོན་གྱི་ཉིན་མོ་འདིར་སྒོ་གསུམ་མི་ཕྱེད་དད་པས་འཚམས་ཞུ་དང་སྦྲགས་མཁའ་མཉམ་སྐྱེ་འགྲོ་སྤྱི་དང༌། བྱེ་བྲག་ཏུ་གང་གི་སྐྱོང་ཡུལ་ཆོས་ལྡན་ཞིང་གི་ཉམ་ཐག་རྣམས་ཀྱི་མགོན་དཔུང་དམ་པར་ྋསྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་ཅིང༌། རྒྱ་ཆེར་རྒྱུན་མི་ཆད་པའི་འཕྲིན་ལས་བསྐལ་པའི་བར་དུ་སྐྱོང་བའི་གསོལ་འདེབས་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པའི་རེ་དོན་བཞིན་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་ཏེ་ཕྱོགས་གཅིག་ནས་བོད་ཀྱི་སྔར་སྲོལ་ལམ་ལུགས་ལ་ལེགས་བཅོས་ཀྱིས་བོད་མི་རྣམས་དེང་དུས་མང་གཙོའི་ལམ་བཟང་ཕྱོགས་སུ་འཁྲིད་གནང་མཛད་རྒྱུ་དང༌། ཕྱོགས་གཞན་ཞིག་ནས་རྒྱ་དམར་གྱི་ཞི་དྲག་འགོ་འཁྲིད་རྣམས་ལ་ཐབས་མཁས་ཐུགས་རྗེའི་འབྲེལ་ལམ་མཛད་དེ་སྤྱིར་བོད་ལྗོངས་རང་དབང་དུ་མུ་མཐུད་གནས་ཐབས་དང༌། འཕྲལ་སྒང་བོད་མི་རྣམས་མི་གསོད་ཁྲག་སྦྱོར་ལས་སྐྱོབ་ཐབས་མཛད་ཡོད། འོན་ཀྱང་རྒྱ་དམར་གྱི་དབང་ཤུགས་བོད་ཁམས་ཡོངས་སུ་ཁྱབ་པས་མཐར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་གྱི་སྐྱབས་བཅོལ་ལ་མ་ཕེབས་ཐབས་མེད་དུ་གྱུར། རྒྱ་གར་དུ་བོད་ལྗོངས་རང་དབང་སླར་གསོའི་ཆེད་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་མང་གཙོ་ཅན་དུ་བསྒྱུར་གནང་མཛད་པ་དང༌། གང་གི་ཕེབས་རྗེས་སུ་སྙེགས་འབྱོར་བོད་ཕྲུག་བློ་གསར་ན་གཞོན་རྣམས་ལ་ཕྱི་ནང་གི་ཤེས་ཡོན་ཐོབ་ཆེད་གཏན་ཉིན་སློབ་གྲྭ་ཁག་མང་གསར་འཛུགས་དང༌། བོད་མི་རིགས་ཀྱི་ངོ་བོ་རྒྱུན་གནས་སྲུང་འཛིན་སླད། རང་བཞིན་ཁ་འཐོར་དུ་གྱར་སྡོད་མ་ཡིན་པར་བཟོ་གཞིས་ཁག་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་རིས་སུ་མ་མཆིས་པའི་དགོན་སྡེ་ཆོས་སྒར་ཁག་མང་གསར་འཛུགས་སོགས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཕྲ་ཚུགས་ཀྱིས་འཛམ་གླིང་ནང་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་ཡར་རྒྱས་འབུར་ཐོན་ཐོག བོད་དོན་བདེན་པའི་གནས་ལུགས་སྐོར་དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་སྐུལ་སྔ་རྗེས་དང༌། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཕལ་མོ་ཆེར་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་ཡང་ནས་ཡང་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་སྟེ་བདེན་རྒྱབ་ཡོང་བའི་ཞུ་སྐུལ་མཛད་དང་མཛད་བཞིན་པའི་ཉེར་ལེན་གྱིས་དེང་སྐབས་བོད་དོན་འདི་བཞིན་འཛམ་གླིང་ཐོག་གི་ཆབ་སྲིད་ཀྱི་གནད་དོན་གལ་ཆེར་གྱུར་ཏེ་སྣང་མེད་སྐྱུར་འཇོག་བྱེད་ཐབས་མེད་པ་ཞིག་ཆགས་ཡོད། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་ཡོངས་ཀྱི་གནས་སྟངས་དངོས་ཡོད་དང་བསྟུན་གནང་མཛད་དེ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་ཐབས་ཤེས་ཡོད་རྒུ་མཛད་པ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་པར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དུས་ནམ་ཡང་བརྗེད་མེད་སྙིང་བཅངས་ངང་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཡིན།
ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་བྱམས་བརྩེ་དང༌། བཟོད་སེམས། འཇིག་རྟེན་ཀུན་ཁྱབ་འགན་ཁུར་བཅས་ཀྱི་བཀའ་སློབ་ལམ་སྟོན་ཐོག་ནས་འགྲོ་བ་མིའི་རིགས་ཀུན་ལ་ཞི་བདེ་སྤེལ་བའི་ཐུགས་འགན་རླབས་པོ་ཆེ་བཞེས་དང་བཞེས་བཞིན་པ་དང༌། ད་དུང་ཆོས་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་བཟང་སྤྱོད་ཀྱི་བསླབ་བྱ་ལས་འགྲོ་བ་མི་སྤྱི་དང༌། འཛམ་གླིང་ཁོར་ཡུག་དང་བཅས་པར་ཕན་རླབས་ཡོང་བའི་ཐུགས་འགན་ཧ་ཅང་ཆེན་པོ་བཞེས་ཀྱི་ཡོད། དེ་བཞིན་ཆོས་ལུགས་ནང་ཕན་ཚུན་འཆམ་མཐུན་ཡོང་ཐབས་སུ་འཛམ་གླིང་ཆོས་ལུགས་དབུ་འཁྲིད་མང་དག་གི་ལྷན་དུ་རྒྱ་ཆེ་གུ་ཡངས་ཀྱི་བགྲོ་གླེང་མཛད་དེ་ཕན་ཚུན་དྭོགས་པ་དང༌། འགལ་བ་སེལ་ཐབས་ཀྱི་ཐུགས་འགན་བསྐྱེད་བཞེས་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་ཡས་པ་བསྐྱངས་དང་སྐྱོང་བཞིན་པ་རྣམས་ནི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་དགའ་སྒོམ་བྱ་འོས་སུ་གྱུར་ཡོད།
དེ་རིང་འདིར་ྋསྐུ་ཡི་འཁྲུངས་སྐར་གྱི་དགའ་སྟོན་སླད་མང་ཚོགས་གང་ཙམ་འཛོམས་ཡོད་པ་དང༌། ཁྱེད་རྣམ་པ་བརྒྱུད་གཞིས་བྱེས་བོད་མི་ཡོངས་ལ་ཞུ་རྒྱུར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་ཡོད་པ་བཞིན་སྔ་ལོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཇུག་བསྡོམས་མཛད་སྒོའི་སྐབས་དང༌། ཊོ་རོན་ཊོར་རྒྱ་རིགས་མང་ཚོགས་ནས་དྲི་བ་ཕུལ་བར་བཀའ་ལན་སྩལ་སྐབས། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཀྱི་དུས་དྲན་མཛད་སྒོའི་སྐབས། ལྡི་ལིར་གསར་འགོད་པར་བཀའ་ལན་སྩལ་སྐབས་སོགས་སུ་མགོན་པོ་གང་ཉིད་བགྲེས་ཡོལ་དུ་ཕེབས་བཞེད་སྐོར་བཀའ་སློབ་རིམ་ཕེབས་ལ་གཞིས་བྱེས་བོད་མི་རྣམས་བློ་འཚབ་དང་སེམས་ངལ་ཅི་ཆེའི་ངང་དེ་ལྟའི་དགོངས་བཞེས་ནམ་ཡང་མི་མཛད་པའི་གསོལ་འདེབས་ྋསྙན་ཞུ་རིམ་པར་ཕུལ་ཡོད་པ་ལྟར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སུའང་མགོན་པོ་གང་ཉིད་བགྲེས་ཡོལ་ཆ་ཚང་ཕེབས་བཞེད་ཀྱི་བཀའི་ཕེབས་སྒོར་བློ་འཚབ་ཧ་ཅང་ཆེན་པོའི་ངང་གོ་བསྡུར་སྔ་རྗེས་ཞུས་པར། བར་ལམ་བཀའ་སློབ་རིམ་ཕེབས་རྣམས་བོད་འབངས་ཡོངས་ཀྱི་འཕྲལ་ཕུགས་བདེ་ཐབས་སུ་ཐུགས་བརྩེ་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་དགོངས་གཞི་ཡིན་པ་ནི་སྨོས་ཅི་དགོས། འོན་ཏེ་བདག་ཅག་བོད་ཁ་བ་རི་པ་རྣམས་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་དང་བཀའ་དྲིན་ཉག་ཅིག་གིས་འཚོ་བ་དང༌། མགོན་པོ་གང་ཉིད་ཀྱི་གདུལ་ཞིང་ངམ་སྐྱོང་ཡུལ་དུ་སངས་རྒྱས་ཀྱི་བཀའི་ལུང་གིས་ཟིན་པའི་ཐོག་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཡོད་པ་བཅས་བོད་འབངས་རྣམས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་ཀྱི་ཡང་དག་པའི་དབུ་ཁྲིད་ལས་བསྐལ་པ་ཇི་སྲིད་བར་དུའམ་དུས་ནམ་ཡང་འབྲལ་ཐབས་མེད་ངེས་ལགས་པའི་གནས་ལུགས་དང༌། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་རྒྱབ་གཉེར་སྙན་ཐོ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་རྗེས། ལྷག་པར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་དང་པོ་ཉིད་དུ། “སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་དང༌། བོད་གཞུང་གི་དབུ་ཁྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་སྦྲགས་མགོན་པོ་གང་གིས་ཕྱེད་བགྲེས་ཡོལ་ཡིན་པའི་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེས་ནམ་ཡང་མི་མཛད་པའི་ཚོགས་ཆེན་འདི་ཐོག་ནས་ྋསྙན་གསན་ཞུ་རྒྱུ།” ཞེས་སྤྱི་མོས་ཀྱིས་གཏན་འབེབས་ཞུས་ཡོད་པ་བཅས་ལ་བརྟེན་མགོན་པོ་གང་ཉིད་ནས་ཕྱེད་བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་གསོལ་འདེབས་ྋསྙན་ཞུ་འབུལ་ལམ་ཞུས་ཡོད།
དེ་རྗེས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་ནང༌། “བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་” ཞེས་སོགས་སྤྱི་ཕེབས་བྱུང་བར་གྲོས་ཚོགས་ཚོགས་དུས་ ༡༡ པས་ལས་ཉིན་བཞིའི་རིང་གྲོས་ཚོགས་ནང་དང༌། སྤྱི་འཐུས་བཞུགས་མོལ་ཚོགས་འདུ། དེ་བཞིན་སྤྱི་འཐུས་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་ཞིབ་ཕྲ་ཞུས་མཐར། “མགོན་པོ་གང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་མཛད་ཁུར་མུ་མཐུད་སྐྱོང་བཞེས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་” ཞེས་སོགས་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་བཞག་སྟེ་སྐུ་སྒེར་དྲུང་ཆེ་བརྒྱུད་ྋསྙན་གསན་ཞུས་ཡོད། དེར་སྐུ་སྒེར་ཡིག་ཚང་ནས་བཀའ་ལན་གནང་འབྱོར་ནང༌། “ྋགོང་ས་མཆོག་གི་དགོངས་བཞེས་ཐག་གཅོད་ལ་འགྱུར་བ་མེད་གཤིས་གྲོས་ཆོད་ནང་གསལ་ལ་དགོངས་བཞེས་གནང་ཐབས་མ་གྱུར་པས་ཕྱིར་སློག་ཞུ་དགོས་བཀའ་ཕེབས་འདུག” ཅེས་བཀའ་ནན་ཕེབས་སྟབས་སྤྱི་འཐུས་རྣམས་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་བཀའ་ཡིག་སྐོར་ལ་བགྲོ་གླེང་གིས་ལས་འཆར་ཚོགས་ཆུང་ཞིག་བསྐོ་འཛུགས་ཞུས་ཤིང༌། ཚོགས་ཆུང་གི་སྙན་ཐོ་ཟུར་འཛར་བཅས་པ་གྲོས་ཚོགས་སུ་སྙན་སྒྲོན་གནང་སྟེ་ཕྱི་ཚེས་ ༢༤ དང་ ༢༥ སོ་སོར་བགྲོ་གླེང་མཐིལ་ཕྱིན་དང་འབྲེལ། གསུང་འཕྲིན་དང་བཀའ་སློབ་དགོངས་དོན་ཉམས་ལེན་ཞུ་སླད། ཚོགས་གཙོ་སྦྲེལ་པོས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་གཞག་གནང༌། ཚོགས་ཆུང་དེས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༡ ཉིན་གྲུབ་དོན་སྙན་ཐོ་ཚོགས་དྲུང་ལས་ཁུངས་སུ་ཕུལ་བ་ལྟར། རྒྱ་ཆེའི་མང་ཚོགས་ཀྱིས་མཁྱེན་རྟོགས་གནང་ཆེད་རྒྱ་ཁྱབ་ཏུ་འགྲེམས་སྤེལ་ཞུས། དེ་རྗེས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༡ ནས་ཚེས་ ༢༤ བར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གནང་སྟེ། གྲོས་ཚོགས་ཀྱིས་ཆེད་བཙུགས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་བཅའ་ཁྲིམས་འཆར་ཟིན་དུ་གསལ་བའི་སྔོན་གླེང་དང་དོན་ཚན་དང་པོའི་སྐོར་དང༌། དེ་བཞིན་བཅའ་ཁྲིམས་ཀྱི་སྤྱི་ཡོངས་འཆར་ཟིན་བཅས་པར་བགྲོ་གླེང་མཐིལ་ཕྱིན་གནང༌། ཚོགས་ཆེན་དེའི་ཐོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་ནས་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཛད་འཁུར་བཞེས་རྒྱུར་སྤྱི་མོས་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པར་ཞལ་བཞེས་མ་མཛད་པ་དང༌། སྔོན་གླེང་དང་དོན་ཚན་དང་པོ་གསར་འཇུག་ཆོག་པའི་ྋསྙན་ཞུ་ལ་བཀའ་བཅོས་ཕྲན་བུ་དང་བཅས་བཀའི་གནང་བ་བཀའ་དྲིན་ཆེ་བསྩལ་ལྟར། ཕྱི་ཟླ་ ༥ ཚེས་ ༢༦ ནས་ཚེས་ ༢༨ བར་གྲོས་ཚོགས་ཚོགས་དུས་འཕར་མ་བསྡུ་བསྐོང་གྀས་བཙན་བྱཽལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པ་གཏན་འབེབས་གནང་སྟེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཚེ་རབས་གཏན་གྱི་མགོན་སྐྱབས་ནས་ནམ་ཡང་མི་འབྲལ་བ་དང༌། དགོས་གལ་ནམ་བྱུང་ལ་ལམ་སྟོན་མཛད་རྒྱུའི་བཀའ་བཞེས་ཟབ་མོ་སྤྱི་བོའི་རྒྱན་དུ་བཀའ་དྲིན་ཆེ་བ་དང་བཅས། དེང་འཛམ་གླིང་སྤྱི་འགྲེའི་མང་གཙོའི་ལམ་སྲོལ་དང་སྒོ་ཀུན་ནས་མཐུན་ཞིང༌། བོད་མི་ཡོངས་ཀྱི་འཕྲལ་ཕུགས་བདེ་ཐབས་ཁོ་ནའི་སླད་དེང་དུས་ཀྱི་གནས་བབ་དངོས་དང་བསྟུན་པའི་དགོངས་བཞེས་བླ་མེད་མཛད་དེ་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་གསུང་འཕྲིན་རིན་པོ་ཆེ་སྤྱི་སྩལ་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་མགོན་པོ་གང་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་སྩལ་ལམ་རྩིས་སྤྲོད་གནང་བ་འདི་བཞིན་མགོན་པོ་གང་གི་མ་འོངས་སྔོན་གཟིགས་ཀྱི་ལམ་སྟོན་དང་མཛད་ཐབས་ཡིན་པར་བསམ་ཤེས་ཐུབ་པ་གནང་སྟེ་བོད་མི་འགོ་མང་ཚང་མས་འགན་འཁུར་དང་ལེན་ཞུ་སྒོར་སྔར་བས་ལྡབ་བརྒྱའི་ནུས་ཤུགས་འདོན་དགོས་ཞེས་དེ་རིང་གོ་སྐབས་འདི་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་ལ་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།
བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་བྱ་རྒྱུར་འགྱུར་བ་སོང་བ་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་མང་ཚོགས་ཀྱི་འགོ་ཁྲིད་མི་སྣའི་འགན་དབང་སོགས་ཀྱི་ཆ་རྐྱེན་ཁག་ལ་འགྱུར་བ་ཅི་ཆེ་སོང་ཡོད་ནའང༌། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དང༌། མང་གཙོའི་ཀ་བ་གསུམ་གྱིས་མཚོན་སྒྲིག་འཛུགས་ཀྱི་གནས་སྟངས་དང་ལས་དོན་ཞུ་སྒོ་མཐའ་དག་སྔར་བཞིན་རྒྱུན་གནས་སུ་ཡོད།
ཕྱི་ལོ་ ༢༠༠༨ ནས་བོད་ཆོལ་གསུམ་ཡོངས་སུ་ཞི་བའི་ངོ་རྒོལ་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་གཞུང་གིས་བོད་ནང་སྲིད་བྱུས་འཛིན་ཕྱོགས་ལ་མོས་མཐུན་རྩ་བ་ནས་མེད་པར། རྒྱལ་སྤྱིའི་ནང་བོད་མིའི་མངོན་འདོད་གསལ་སྟོན་བྱས་ཡོད་ནའང་རྒྱ་གཞུང་དབང་འཛིན་པས་སྣང་མེད་སྐྱུར་འཇོག་གིས་བོད་མིར་ཉེས་མེད་ཁག་དཀྲི་དང༌། དྲག་གནོན། རྡུང་རྡེག འཛིན་བཟུང་བཀག་བསྐྱིལ་དང༌། དྲང་བདེན་གྱི་ཁྲིམས་བཤེར་མ་བརྒྱུད་པར་བཙོན་འཇུག་དང༌། སྲོག་ཐོག་བཏང་བ་སོགས་མི་སྤྱོད་ལས་འདས་པའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་ཡོད།
འདི་ལོ་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་གྲྭ་བློ་བཟང་ཕུན་ཚོགས་ཀྱིས་བོད་མིའི་རང་དབང་ཆེད་རང་སྲོག་བློས་བཏང་གིས་རང་ལུས་མེར་བསྲེགས་གནང་བ་ནས་བཟུང་བོད་རྔ་པ་ཀིརྟི་དགོན་དང་ཉེ་ཁུལ་གྱི་ཡུལ་མི་བཅས་པར་དོན་མེད་བརྡབ་གསིག་དང་འཇིགས་སྐུལ་བཙན་གནོན་བྱས་པའི་ཉེར་ལེན་གྱིས་བོད་མི་རྐྱེན་འདས་སུ་གྱུར་པ་དང༌། རྨས་སྐྱོན། དེ་བཞིན་ཀིརྟི་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་མང་པོ་དགོན་པ་ནས་བཙན་ཁྲིད་དང༌། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་བར་མཚམས་མ་ཆད་པར་སྤེལ་ཏེ་སེར་སྐྱ་མི་ཉུང་བ་ཞིག་འཛིན་བཟུང་དང༌། བཀག་བསྐྱིལ་བྱས་དང་བྱེད་བཞིན་པར་བརྟེན་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ནས་རང་གཞན་གཉིས་ཕུང་གི་སྲིད་བྱུས་ཐབས་རྡུགས་འདི་རིགས་འཕྲལ་དུ་མཚམས་འཇོག་གིས་བོད་མི་ཚོར་རྒྱ་ནག་གི་བཅའ་ཁྲིམས་སུ་བཀོད་པའི་མི་རིགས་རང་སྐྱོང་དང༌། གཞི་རིམ་གྱི་ཐོབ་ཐང་ཁག་དོན་འཁེལ་འགན་ལེན་ཐོག་ཞི་འཇགས་ཡོང་བའི་ཐབས་ཚུལ་ལ་བསམ་ཞིབ་བྱེད་དགོས་པའི་རྒྱ་གཞུང་ལ་འབོད་སྐུལ་ནན་ཏན་དང༌། དངོས་དོན་བདེན་རྫུན་རྟོག་ཞིབ་སླད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་དང་རང་དབང་གསར་འགོད་པ་ས་གནས་སུ་ངོ་བསྐྱོད་ཐུབ་པ་དགོས་པའི་ཉེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་དང་པོར་སྤྱི་མོས་ཀྱིས་གྲོས་ཆོད་སྣོལ་འཇོག་དང༌། རྒྱ་ཁྱབ་འབོད་སྐུལ་ཞུས་ཡོད།
ཉེ་བའི་ཆར་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ནས་ཁམས་དཀར་མཛེས་རྫོང་དུ་གྲྭ་ཚེ་དབང་བཀྲ་ཤིས་དང༌། གྲྭ་འགྱུར་མེད་བསོད་ནམས་གཉིས་ཀྱིས་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ྋགོང་ས་མཆོག་བོད་ནང་མྱུར་དུ་གདན་ཞུ་གནང་དགོས། བོད་ལ་རང་དབང་དགོས་ཞེས་སོགས་ཞི་བའི་སྐད་འབོད་གནང་བ་ནས་བཟུང་ཁམས་དཀར་མཛེས་རྫོང་ཕྱོགས་སུ་གཅིག་མཇུག་གཉིས་མཐུད་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་དང༌། སྐད་འབོད་བྱུང་བའི་ཐད། རྒྱ་གཞུང་གིས་བོད་མིར་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་རྐྱེན་གྱིས་ངོ་རྒོལ་བྱུང་བ་ཡིན་པར་ངོས་མ་ཟིན་པར་བོད་མིར་ཉེས་མིང་འདྲ་མིན་བཏགས་ཏེ། བོད་མི་ཇེ་མང་འཇུ་བཟུང་གིས་རྡུང་རྡེག་དང༌། བཙོན་འཇུག་གནར་གཅོད་གཏོང་བཞིན་པར་བོད་མི་རྣམས་སེམས་འཚབ་ཆེན་པོའི་ངང་ཁོང་རྣམ་པའི་ཚེ་སྲོག་གི་རིན་ཐང་དང༌། གཟུགས་ཁམས་འཕྲོད་བསྟེན་བཅས་ཇི་ལྟར་ཆགས་ཀྱི་ཡོད་མེད་དྭོགས་གནས་སུ་གྱུར་ཡོད། ད་ཆ་དཀར་མཛེས་ཕྱོགས་ཀྱི་དགོན་གྲོང་ཚང་མར་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དང༌། གྲྭ་བཙུན་ཚོར་ཡར་མར་འགྲོ་བསྐྱོད་བཀག་སྡོམ། ནད་མནར་སོགས་ཀྱིས་དཀར་མཛེས་རྫོང་དུ་བསྐྱོད་དགོས་ཆགས་ཚེ་འགན་ལེན་མི་སྣ་མཉམ་ཁྲིད་དགོས་པ། དགོན་སྡེ་ཁག་ཏུ་རྒྱ་གཞུང་གི་མི་སྣ་ཡོང་སྟེ་དགོན་པ་སྒོ་རྒྱག་རྒྱུ་ཡིན་ཚུལ་སྡིགས་ར་བསྐུལ་བ་དང༌། བསུན་གཙེར། འཇིགས་སྐུལ་རྒྱུན་མཐུད་བྱེད་བཞིན་པའི་སྲིད་བྱུས་ཐབས་རྡུགས་འདི་རིགས་རྒྱ་གཞུང་གིས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཤུགས་དྲག་བྱ་རྒྱུ་དང༌། དེ་བཞིན་དཀར་མཛེས་ཕྱོགས་ཀྱི་བོད་མི་འཇུ་བཟུང་དང༌། བཙོན་འཇུག་བྱས་པ་དེ་དག་མྱུར་དུ་གློད་གྲོལ་ཡོང་ཐབས་སུ་རྒྱ་གཞུང་ལ་སྐུལ་མ་དང༌། གནོན་ཤུགས། གནས་ཚུལ་རྩད་གཅོད་ཡོང་ཐབས་གནང་དགོས་པའི་གཞེན་བསྐུལ་ནན་པོ་ཞུ་རྒྱུ་བཅས་ཀྱི་གསར་འགོད་བསྒྲགས་གཏམ་ཤིག་སྤྱི་འཐུས་རྒྱུན་ལས་ཀྱིས་སྤེལ་ཟིན་ཡིན་ཡང་ད་དུང་དེ་རིང་གོ་སྐབས་འདི་བརྒྱུད་ནས་བསྐྱར་དུ་འབོད་སྐུལ་ནན་པོ་བྱ་རྒྱུ་ཡིན།
ཉེ་བའི་ཆར་རྒྱ་གཞུང་གིས་རྒྱ་ནག་གུང་ཁྲན་ཏང་འགོ་འཛུགས་བྱས་ཏེ་མི་ལོ་ ༩༠ འཁོར་བ་དང༌། བོད་ལ་ཞི་བས་བཅིངས་འགྲོལ་ཟེར་བ་བཏང་སྟེ་ལོ་ ༦༠ འཁོར་བ་ཡིན་ཞེས་སོགས་ཀྱི་དུས་ཚིགས་འདྲ་མིན་མང་པོ་ཞིག་མིང་བགྲངས་ནས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་དགའ་སྤྲོའི་དུས་སྟོན་བརྩི་སྲུང་དགོས་པའི་བཙན་བཀའ་ཕབ་པ་དང༌། ཕྱི་མི་བཀག་སྡོམ། བོད་མིའི་འཆར་ཅན་གྱི་དུས་སྟོན་ཁག་བཀག་འགོག་སོགས་སྔར་ལས་དམ་བསྒྲགས་ཆེ་རུ་གཏོང་བཞིན་པ་དང༌། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེ་འགྲོ་གཞིའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་གཞི་རྒྱ་ཆེ་རུ་བཏང་དང་གཏོང་བཞིན་པ་སོགས་རྒྱ་ནག་དབང་འཛིན་པ་ཚོས་ད་དུང་དབང་ཤུགས་ངོམ་ཁྱེར་གྱིས་མཁྲེགས་འཛིན་དང༌། ལྷག་པར་བོད་མི་ཉམ་ཆུང་བའི་ཐོག་གདུག་རྩུབ་མནར་གཅོད་རྒྱུན་མི་ཆད་པ་སྤེལ་བ་དང༌། དེ་བཞིན་མགོ་སྐོར་བསླུ་བྲིད་ཁོ་ནས་དུས་ཚོད་སྐྱེལ་ཐབས་བྱས་ནའང་ནམ་ཕུགས་འཁྱོལ་ཐབས་མེད་ཅིང༌། བོད་མི་རྣམས་ཀྱིས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་བདེན་པའི་འཐབ་རྩོད་བློས་གཏོང་ངམ་བར་མཚམས་འཇོག་མི་སྲིད་པ་བཞིན་རང་རེའི་སྒྲིག་འཛུགས་ཁག་དང་མང་ཚོགས་བཅས་ཚང་མས་སྔར་བས་མཐུན་ལམ་དང་གདུང་ཤུགས་གཅིག་བསྒྲིལ་ངང་ནུས་པ་འདོན་དགོས་པའི་དུས་མཚམས་དམིགས་བསལ་ཞིག་ཏུ་སླེབས་ཡོད་པས་ཚང་མས་འཁུར་འགན་ཆེ་བཞེས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཉེ་སྔོན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་རྣམ་པ་མཛད་འཁུར་བཞེས་ཟིན་པ་ལྟར་ཐོག་མར་མང་ཚོགས་ལ་འཚམས་འདྲི་གཟིགས་བསྐོར་དུ་ཕེབས་རྒྱུ་དང༌། དེ་རྗེས་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་རེའི་ནང་མང་ཚོགས་ལ་ཆབ་སྲིད་ཀྱི་ལམ་སྟོན་དང༌། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུ་བཅས་ཀྱི་ཆེད་སྤྱི་འཐུས་རྣམ་པ་གཞིས་ཆགས་ཁག་སོགས་ས་བགོས་གྲུབ་ཡོད་པ་ལྟར་ཐོག་མར་འཚམས་འདྲི་གཟིགས་སྐོར་ཐད་འདི་ལོ་ཕྱི་ཟླ་ ༦ པ་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༩ པའི་ཚེས་ཤར་བར་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ལ་རིམ་ཕེབས་གནང་འཆར་ཡིན་པས་སྐབས་དེ་དག་ཏུ་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་སོགས་ཕན་ཐོགས་དགེ་མཚན་གང་ལེགས་ཡོང་རྒྱུའི་རེ་འདུན་ཞུ་བཞིན་ཡོད་པ་དང༌།
མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་ྋསྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ལ།། །།