༢༠༡༡ ཟླ་ ༧ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༩ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ནིའུ་ཀ་སེལ་(Newcastle) དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་དང་སྟབས་བསྟུན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཞིག་གསར་འཛུགས་དབུ་འབྱེད་གནང་ཡོད། དེ་ཡང་དབུ་འབྱེད་མཛད་སྒོར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང། དྲུང་ཆེ་དངོས་གྲུབ་རྒྱལ་མཚན་ལགས་རྣམ་གཉིས་དམིགས་བསལ་སྐུ་མགྲོན་དུ་མགྲོན་འབོད་ལྟར་ཕེབས་ཡོད། དབུ་འབྱེད་མཛད་སྒོ་དེའི་སྐབས་གསར་འཛུགས་གནང་བའི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་སྐུ་མགྲོན་ཡོངས་ལ་བོད་ཟས་གསོལ་ཚིགས་དང་བོད་ཀྱི་གཞས་སྣ་ཁག་འཁྲབ་སྟོན་ཞུས་ཡོད། སྤྱིར་ནིའུ་ཀ་སེལ་དུ་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་བྱུང་སྟངས་ནི། ཟླ་བ་གཉིས་ཙམ་གྱི་གོང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་(Sydney) ནས་ནིའུ་ཀ་སེལ་དུ་བོད་རིགས་ཁྱིམ་ཚང་བཞི་གནས་སྤོས་བྱས་ཡོད།
སྐབས་དེར་ནིའུ་ཀ་སེལ་དུ་དེ་སྔ་ལོ་བདུན་ཙམ་གོང་ནས་གནས་སྡོད་བྱེད་མཁན་བོད་མི་བསྟན་འཛིན་བློ་གྲོས་ལགས་དང་ཁོང་གི་བཟའ་ཟླ་ཕྱི་གླིང་མི་སེར་དང་ལྷན་ཕྲུ་གུ་གསུམ་ཡོད་པ་རྣམས་དང་ཐུག་འཕྲད་བྱུང་ཡོད། དེར་བརྟེན་ཁོང་ཚོ་ཚང་མ་བོད་རིགས་གཅིག་མཚུངས་ཡིན་པར་བརྟེན། བོད་ཀྱི་ཆོས་དང་རིག་གཞུང་གོམས་གཤིས་བཅས་མི་ཉམ་རྒྱུན་འཛིན་ཐོགས་སོ་སོའི་ཕྲུ་གུ་ཚོར་སློབ་སྟོན་ཡོང་ཆེད་བོད་རིགས་སྤྱི་མཐུན་ཚོགས་པ་འདི་བཞིན་གསར་འཛུགས་གནང་བ་ཞིག་ཡིན་འདུག ད་ལྟ་བོད་རིགས་སྤྱི་མཐུན་ཚོགས་པ་དེའི་ཚོགས་གཙོ་བསྟན་འཛིན་བློ་གྲོས་ལགས་དང་དྲུང་ཆེ་པདྨ་ཚེ་རིང་ལགས་གཉིས་འོས་འདེམས་བྱུང་ཡོད་པ་བཅས།།