༢༠༡༡ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་ལྷོ་ཨ་ཕི་རི་ཁའི་སྐུ་ཚབ་དོན་ཁང་ནས་གྲོང་ཁྱེར་པི་རི་ཏོ་རི་ཡའི་ (Pretoria) ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད། དེ་ཉིན་སྔ་དྲོ་ཐོག་མར་ས་གནས་བོད་མི་དང་ནང་པ་ཚོས་བསངས་གསོལ་དང་རླུང་རྟ་དར་བཙུགས། དེ་ནས་མཛད་སྒོ་དངོས་གཞིའི་སྐབས་གཞུང་ཚབ་ཁག་གི་སྐུ་ཚབ་འཐུས་མི་ཁག་གཅིག་དང་ནང་པའི་ཆོས་ཚོགས་ཁག་གི་སྐུ་ཚབ་འཐུས་མི། ས་གནས་བོད་རིགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་ཚོགས་ཀྱིས་སྐར་མ་གཅིག་རིང་རྒྱ་ནག་གཞུང་གི་བཙན་དབང་འོག་བཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པའི་གཞིས་ལུས་རྒྱ་ཆེའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས། དེ་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་༸རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་། དེ་ནས་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་ལམ་རིམ་ནང་པའི་ཆོས་ཚོགས་ (Lamrin Buddhist Centre) ཀྱི་སྐུ་ཚབ་འཐུས་མིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
སྐབས་དེར་ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་གིས་༸གོང་ས་མཆོག་ལ་སྐུའི་འཁྲུངས་སྐར་གྱི་འཚམས་འདྲིའི་ཆེད་མེ་ཏོག་དང་ཕྱག་རྟགས་མང་དག་ཅིག་འབུལ་ལམ་ཞུས་པ་རྣམས་གསོལ་ལྕོག་སྟེང་དུ་སྒྲིག་ཤོམ་གནང་། ཕྱོགས་མཚུངས་ལྷོ་ཨ་ཕི་རི་ཀའི་མང་གཙོ་ཚོགས་པའི་ (Democratic Alliance) སྐུ་ཚབ་སྐུ་ཞབས་སི་ཊེ་ཝན་མོཀ་ག་ལ་པ་(Mr. Stevens Mokgalapa) མཆོག་དང་ཨིན་ཁ་ཏ་རང་དབང་ཚོགས་པའི་ཚོགས་གཙོ་རྒྱལ་སྲས་བྷུ་ཐུ་ལེ་ཛིའི་ (Prince Buthelezi) ཆབ་སྲིད་ཚོགས་པ་ (Inkaata freedom Party) སྐུ་ཚབ་འཐུས་མི་སྐུ་ཞབས་ཨལ་ཝིན་མ་ཌེ་ལ་མཆོག་གིས་ཆབ་སྲིད་ཚོགས་པ་གཉིས་ཀྱི་ཚབ་ཞུས་ཏེ་སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་ཕྱག་རྟགས་འབུལ་ལམ་ཞུས་གྲུབ་མཚམས།
སྐུ་ཞབས་སི་ཊེ་ཝན་མོཀ་ག་ལ་པ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་མི་རིགས་ཚོས་བོད་མི་རྣམས་ཀྱི་དཀའ་ངལ་ཤེས་རྒྱུ་གལ་ཆེ་ཡིན་སྐོར་དང་བོད་མི་རྣམས་ཀྱི་ད་ལྟའི་དཀའ་ངལ་ནི་དེ་སྔ་ལྷོ་ཨ་ཕི་རི་ཀའི་མི་རིགས་ནག་པོ་ཚོས་རྒྱལ་ཁབ་གཞན་གྱི་བཙན་དབང་འོག་དཀའ་ངལ་ཆེན་པོ་མྱངས་ཡོད་པ་དང་གཅིག་མཚུངས་ཤིག་ཆགས་ཡོད་སྐོར་གསུངས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་ཞུས་ཏེ་ལྷོ་ཨ་ཕི་རི་ཀའི་མི་རིགས་ཚོས་མགོན་པོ་གང་ཉིད་མཆོག་ནས་མིག་དཔེ་ལེན་དགོས་པའི་གསུང་བཤད་གནང་།
དེ་བཞིན་སྐབས་དེར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་སྐབས། ད་ལྟ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་དང་ཁམས་དཀར་མཛེས་ཁུལ་གྱི་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་ཏེ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་ཞིབ་ཕྲ་གསལ་བཤད་གནང་ཡོད།
དེ་བཞིན་སྐབས་དེར་ལྷོ་ཨ་ཕི་རི་ཀའི་གཞས་མ་གྲགས་ཅན་ལྕམ་ཏུ་ནོག་ཝི་(Ms Tu Nokwe)ལགས་ཀྱིས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་དཔེ་དེབ་གསུམ་ལྷོ་ཨ་ཕི་རི་ཀའི་ཨི་སི་ཛུ་ལུ་ (isi Zulu ) ཞེས་པ་དང་ཚེ་ཏ་ཤི་ཝ་ནེ་ (seTshwane) ཞེས་པའི་སྐད་ཡིག་གྲགས་ཆེ་བ་གཉིས་ཀྱི་ནང་ཕབ་སྒྱུར་ཞུས་པ་རྣམས་དབུ་འབྱེད་གནང་སྟེ་ཁོ་མོས་མཛད་སྒོའི་ཐོག་གསུང་གཞས་བཏང་།
ཐེངས་འདིའི་ལྷོ་ཨ་ཕི་རི་ཀའི་སྙན་གྲགས་ཅན་གྱི་གསར་འགྱུར་བརྒྱུད་ལམ་པི་རི་ཏོ་རི་ཡའི་གསར་འགྱུར་ཁང་(Pretoria News )དང་དི་སི་ཊར་དང་ལྷོ་ཨ་ཕི་རི་ཀའི་གསར་འགྱུར་ལས་ཁང་(The Star & SABC) བཅས་ཀྱིས་གསར་འགོད་པ་རྣམས་ཕེབས་ཏེ་གནས་ཚུལ་མཁོ་སྒྲུབ་བྱས་ཡོད་པ་བཅས།།