༢༠༡༡ ཟླ་ ༧ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྒྲོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ནས་ཟླ་བ་གསུམ་དང་ཉིན་གྲངས་ཉེར་བརྒྱད་འཁོར་བའི་ཉིན་མོ་ཡིན་ལ། ཉིན་མོ་འདིར་ད་དུང་ཡང་ཟླ་བ་གསུམ་དང་ཉིན་གྲངས་ཉེར་བརྒྱད་ཀྱི་སྔོན་ལྟར་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་པའི་རྔ་པའི་དགོན་གྲོང་མང་པོ་དམག་མིའི་དམ་བསྒྲགས་འོག་ཡོད་པར་མ་ཟད། རྔ་པ་ཀིརྟི་དགོན་པའི་ཕྱི་ནང་གི་འགྲུལ་བཞུད་ཚང་མ་དྲག་ཆས་སྤྲད་པའི་དམག་མི་སོགས་ཀྱིས་ཐད་ཀར་བཀག་སྡོམ་བྱས་ཡོད་པ་མ་ཟད། དགོན་པའི་ནང་དུ་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྔར་བཞིན་ཚོགས་ཆུང་ལྔ་བཅུ་ང་ལྔར་ཆ་བགོས་བྱས་ཏེ་སྤེལ་མུས་ཡིན་འདུག ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ རྗེས་སུ་སྔ་ཕྱིར་འཛིན་བཟུང་བཀག་ཉར་བྱས་ཏེ་ཐག་གཅོད་མ་བྱས་པའི་སྐྱ་སེར་གྲངས་སུམ་ཅུ་སོ་བཞི་ཙམ་འཛིན་བཟུང་བཀག་སྐྱིལ་བྱས་པ་རྣམས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཞིབ་ཕྲ་འབྲེལ་ཡོད་དགོན་གྲོང་གིས་ཤེས་རྟོགས་མ་ཐུབ་པར་ཁྲིམས་མུན་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་པོ་མྱངས་དང་མྱོང་བཞིན་ལྷག་ཡོད། དེ་བཞིན་ཁ་སྣ་ཚོགས་ལ་གཡར་ནས་དགེ་འདུན་པ་མང་པོ་ཞིག་དགོན་པའི་སྒྲིག་ཁོངས་ནས་བཙན་དབང་གིས་གནས་དབྱུངས་བཏང་སྟེ་ཆགས་ས་བསྟེན་ས་མེད་པ་བཟོས་འདུག
ད་ལྟ་དགོན་ནང་དུ་ཡོད་པའི་དགེ་འདུན་པ་རྣམས་ལ་ནི་ཉིན་མཚན་ལྟོས་མེད་གཞུང་གི་ལས་བྱེད་པ་དང་།
རྒྱལ་ཁབ་ཀྱི་དམག་མི། ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་བརྒྱ་ཕྲག་མང་པོས་གཅིག་འཕྲོས་གཅིག་མཐུད་ནས་ལྟ་རེས་དང་ཉུལ་རེས་བྱས་ཏེ་ཡོད་ལ། དེས་ཀྱང་མ་ཚིམས་པར་དེང་རབས་ཀྱི་འཕྲུལ་ཆས་མང་པོ་དགོན་པའི་ཕྱོགས་ཚང་མར་ལྕགས་ཀྱི་ཀ་བ་རིང་བོ་རེའི་རྩེར་བཀལ་ཏེ་འགྲོ་སྡོད་ཉལ་འདུག་གི་བྱ་བ་ཚང་མ་ཁོང་ཚོའི་ལག་མཐིལ་དུ་བཟུང་ཡོད། གསུམ་པའི་བཅུ་དྲུག་ནས་བརྩིས་པའི་ཟླ་བ་གསུམ་དང་ཉིན་གྲངས་ཉེར་དྲུག་གི་རིང་ལ་དགོན་པའི་བསླབ་པ་སློབ་གཉེར་གྱིས་མཚོན་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་ཕྲ་མཐའ་དག་གཅིག་ཀྱང་སྤེལ་བཅུག་མེད་པར་བརྟེན། དགོན་པ་ཞིག་ལ་ཆེས་གལ་ཆེ་བའི་དབྱར་ཁས་ལེན་གྱི་བྱེད་སྒོ་འདི་ཟླའི་ཕྱི་ཚེས་ ༡༣ ལ་ཁེལ་ཡོད་པ་དེ་ཡང་སྤེལ་བཅུག་མེད་པར་ཆོས་དང་ཆོས་པ་ལ་རྒོལ་སེམས་ཀྱི་ཞེ་ངན་རུས་པའི་གཏིང་ལ་ཟུག་པའི་མི་སྣ་དག་གིས་གང་དྲན་བཤད་ནས་ཉི་མ་སྟོང་ཟད་དུ་གཏོང་བཞིན་ཡོད་འདུག
གཞན་ཡང་ཟླ་འདིའི་ཚེས་ ༡ ཙམ་ནས་རྔ་པའི་སྟོད་སྨད་བར་གསུམ་དུ་དམར་དམག་ཁྱུ་ཡོང་ནས་དགོན་གྲོང་ཚང་མའི་ཁང་ཐོག་ཏུ་རྒྱ་གཞུང་གི་དར་དམར་བཙུགས་ཡོད་ལ། གལ་ཏེ་དར་དམར་མར་ཕབ་ན་ལོ་བཅུ་བཙོན་འཇུག་བྱེད་ཀྱི་ཡིན་ཟེར་ནས་རེ་རེ་བཞིན་དུ་འཇིགས་སྐུལ་བྱས་ཡོད། འདིའི་སྐོར་ལ་བོད་ནང་ནས་བཏང་བའི་ཡི་གེ་ཞིག་ཏུ་འདི་ལྟར་གསལ། ༼བརྩེ་བའི་་་་་་་་་་ལགས་སྐུ་ཁམས་བདེ་མོ་ཡིན་ནམ། གུས་་་་་ཉིན་བཅོ་ལྔའི་རིང་རང་གི་ཕ་ས་སྐྱིད་པའི་རྔ་གཡང་ཕྱུག་མོ་རུ་དབྱར་སེང་དུ་སོང་ཡང་། ཡིད་སྐྱོ་བ་ཞིག་ལ་ངའི་ཕ་ཡུལ་གྱི་རི་གྲོང་ཚང་མ་དམར་བོ་ཁྲག་ལ་བྱུག་པའི་དར་དམར་གྱིས་གཡོགས་འདུག་ལ། ངེད་ཅག་གི་སྙིང་དབུས་ན་ནམ་ཡང་ཟུམ་པ་མེད་པའི་ཀིརྟི་དགོན་ཆེན་དགེ་ལྡན་ལེགས་བཤད་གླིང་ད་དུང་རྒྱ་དམག་གི་མཐའ་སྐོར་ཏེ་དགེ་འདུན་པ་རྣམས་རང་དབང་སྤུ་ཙམ་མེད་པར་བཙོན་འོག་ན་མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་པ་འདི་ཚོ་ཅིག་མཐོང་སྐབས་ངོ་མ་རང་གི་ཕ་ཡུལ་དང་། ནང་མི་སྤུན་མཆེད་ སོགས་མཇལ་བས་སྔར་གྱི་དགའ་སྤྲོའི་སྣང་བ་དེ་ཚོ་མ་རེག་པར་སྐྱོ་སྡུག་རི་བོའི་གཏོས་དང་མཉམ་པ་ཞིག་ཁུར་ནས་མིག་ཆུ་དང་ལྷན་ཕྱིར་་་་་ཡུལ་དུ་ཕུགས་མདུན་ཞིག་གི་ཆེད་དུ་སླེབས་ཡོད། ཨ་ཤི་རེ་ཁོ། དཀོན་མཆོག་མཁྱེན་ནོ།༽ ཞེས་གོང་གསལ་གྱི་ཡི་གེས་བསྟན་པ་དེ་ལྟར་དར་དམར་གྱི་རི་ཐང་ཁེབས་པའི་སྣང་བ་འདི་དང། འདིའི་རྒྱབ་ལོག་གི་འཇིགས་ཡེར་བའི་གནས་ཚུལ་འདི་གཉིས་ཀྱིས་རྔ་པའི་ཡུལ་མི་ཚོའི་སེམས་ལ་ཅི་འདྲའི་རྨ་ཁ་ཆེན་པོ་ཞིག་བཟོས་དང་བཟོ་བཞིན་ཡོད་དམ། ཞེས་འཁོད་ཡོད་པ་བཅས།།