༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༥ ནས་ཚེས་ ༢༩ བར་རྡ་སར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་བསྟན་འཛིན་འཆི་མེད་ལགས་དང་བསྟན་འཛིན་འཕྲིན་ལས་ལགས། བསྟན་འཛིན་རབ་འབྱོར་ལགས་བཅས་ཀྱིས་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ ས་གནས་སུ་བོད་རིགས་གཙོ་བོར་གྱུར་བའི་ཡུལ་སྐོར་སྤྲོ་འཆམ་པ་དང་བརྙན་འཕྲིན་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ། སློབ་ཕྲུག བོད་མིའི་བཟོ་གྲྭ་བཅས་ཀྱི་ནང་ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་དང་བཙན་བྱོལ་ནང་གི་འགྲུལ་བཞུད་ཅེས་པའི་དཔར་རིགས་ཀྱི་ལམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་།
བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བསྟན་པ་མ་ཟད། བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཀྱི་འཕེལ་རིམ། བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་སྐོར་དྲིལ་བསྒྲགས་རྒྱ་ཆེ་གནང་ཡོད། ཕྱི་ཚེས་ ༢༧ ཉིན་རྡོར་གླིང་ས་གནས་བརྙན་འཕྲིན་བརྒྱུད་ལམ་ (24 Ganta News Channel) ཞེས་པ་དང་(Kolkata TV) ས་གནས་གསར་འགྱུར་བརྒྱུད་ལམ་གཉིས་ཀྱི་ནང་དཔར་རིགས་འགྲེམས་སྟོན་སྐོར་བསྟན་པ་མ་ཟད། ཕྱི་ཚེས་ ༢༨ ཉིན་ས་གནས་ཉིན་རེའི་གསར་ཤོག་ (The Telegraph) ཅེས་པ་དང་(Samay Dainik) ཞེས་པ་གཉིས་ཀྱི་ནང་དུའང་དཔར་རིགས་འགྲེམས་སྟོན་སྐོར་ཞིབ་ཕྲ་པར་སྐྲུན་གནང་འདུག ཕྱི་ཟླ་ ༧ ཚེས་ ༡ ཉིན་ཀ་སྦུག་ཏུ་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་པ་བཅས།།