༢༠༡༡ ཟླ་ ༧ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Eco Moniters Society)ཨི་ཁོ་མུ་ཎེ་ཊར་སྤྱི་ཚོགས་ཞེས་པའི་སྣོད་བཅུད་འབྱུང་ཁམས་ཉམས་ཞིབ་ཚོགས་པ་ནས་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཨི་ནེག་སེ་ཚོགས་ཁང་ནང་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད། ལྷན་ཚོགས་དེའི་ནང་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་དང་། ཕྱི་རྒྱལ་གཞུང་ཚབ་ཁག་གཅིག དེ་བཞིན་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གཅིག་ལྷན་འཛོམས་བྱུང་བའི་དབུས་སུ་སྣོད་བཅུད་འབྱུང་ཁམས་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་ཝི་ནོ་ཌི་སེ་གྷལ་(Vinod Saighal)མཆོག་གིས་བགྲོ་གླེང་དེའི་ཐོག་བོད་ནང་གི་སྣོད་བཅུད་ཉམས་ཆག་དང་རྩ་གཏོར་འགྲོ་བཞིན་ཡོད་པའི་སྐོར་ལ་གསུང་དོན། རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༥༩ ལོར་བཙན་བཟུང་བྱས་པའི་འཛམ་གླིང་གི་ཡང་རྩེར་གནས་པའི་བོད་ནང་གི་སྣོད་བཅུད་འབྱུང་ཁམས་རྩ་འཐོར་འགྲོ་དང་འགྲོ་མུས་ཡིན་པའི་ཐོག་འཛམ་གླིང་ཁྱོན་ཡོངས་ནས་བློ་འཚབ་སྐྱེད་གཞི་ཆགས་ཡོད། དེ་བཞིན་རྒྱ་ནག་གཞུང་ནས་བོད་ནང་ཤིང་ནགས་གཅོད་འབྲེག་དང་བོད་ཀྱི་གཙང་ཆུ་ཁག་ནང་རྡུལ་ཕྲན་མཚོན་ཆས་འབག་བཙོག་བཟོས་དང་བཟོ་མུས་ཡིན། ས་ཁམས་རིག་པའི་ཉམས་ཞིབ་དང་ཕུགས་རྒྱང་རིང་པོའི་ཤུགས་སྐྱོན་ཇི་ཆགས་སྐོར་ལ་ཉམས་ཞིབ་ཏིལ་འབྲུ་ཙམ་ཡང་མ་བྱས་པར་གཙང་ཆུ་ཁག་ལ་ཆུ་རགས་བརྒྱབ་པ་རྒྱག་མུས་ཡིན་པ་དེ་དག་གིས་བོད་ནང་གི་སྣོད་བཅུད་འབྱུང་ཁམས་ལ་རྩ་གཏོར་ཇི་ཙམ་ཞིག་འགྲོ་རྒྱུ་ཡིན་མིན་དེ་ད་ལྟ་ཆར་འགྲེལ་བརྗོད་དཀའ་བའི་གནས་སུ་གྱུར་ཡོད། ཕྱོགས་མཚུངས་བོད་ནང་རྒྱ་མི་རིགས་ཁྱོན་ཆེ་གནས་སྤོས་བྱས་པ་མ་ཟད། དམག་དཔུང་དང་གོ་མཚོན་འབོར་ཆེན་འོར་འདྲེན་བྱས་པ་དེ་དག་གིས་བོད་ནང་གི་ཁོར་ཡུག་རྩ་འཐོར་དང་བོད་མི་རིགས་ལ་ཚད་ལས་བརྒལ་བའི་འཇིགས་སྣང་སྐྱེད་གཞིའི་གནས་སྟངས་སུ་གྱུར་ཡོད་ཅེས་གསུངས། །
བོད་ཀྱི་སྣོད་བཅུད་སྐོར་ལ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།