༄༅། །རབ་འབྱམས་ཕྱོགས་བཅུའི་ཞིང་གི་རྒྱལ་བ་ཡོངས་ཀྱི་བརྩེ་ཆེན་སྙིང་རྗེའི་རང་ གཟུགས་ཕྱག་ན་པད་དཀར་འཆང་བ་སྡོམ་བཙུན་ངུར་སྨྲིག་འཛིན་པའི་གཟུགས་སུ་བྱོན་པ། ལྷར་བཅས་སྲིད་ཞིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་ དཔལ་བཟང་པོ་མཆོག་འཇིག་རྟེན་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་གངས་རིའི་ལྗོངས་ཀྱི་ཉམ་ཐག་པའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་ དགོངས་ཏེ་བསམ་བཞིན་མིའི་སྲིད་པ་བཟུང་ནས་དགུང་གྲངས་ ༧༦ འཁོར་བའི་སྐུའི་འཁྲུངས་ཚེས་ཀྱི་ཉིན་མོ་ཁྱད་པར་ཅན་འདིའི་ཉིན་བཀའ་ཤག་གིས་ གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་ཕྱག་གྲངས་མེད་དང་བཅས་ མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ལ་འཚམས་ཞུའི་བཀྲིས་བདེ་ལེགས་ཞུ་བ་དང་ ཆབས་ཅིག མགོན་པོ་གང་ཉིད་མཁའ་ཁྱབ་སྐྱེ་འགྲོ་ཡོངས་དང༌། ཁྱད་པར་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་ཁ་བ་རི་པའི་སྐྱེ་འགྲོ་རྣམས་ཀྱི་ སླད་༸ཞབས་ཟུང་ཚེ་མཐའ་ཡས་པའི་ངོ་བོར་རྟག་བརྟན་གཞོམ་ཞིག་བྲལ་བར་འཚོ་ཞིང་གཞེས་ པ་དང༌། རླབས་ཆེན་འཕྲིན་ལས་ཀྱི་མཛད་བཟང་སྙིགས་འགྲོའི་གདུང་བ་སེལ་བའི་དཔྱིད་དུ་རྒྱ་ ཆེ་རྒྱུན་མི་ཆད་པར་རྟག་སྐྱོངས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།
དེ་རིང་གི་ཉིན་མོ་འདི་ནི་བོད་ མི་ཙམ་མ་ཟད། འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་རླབས་ཆེན་ཞི་བདེའི་དེད་དཔོན་ཞིག་གསར་དུ་རྙེད་ པའི་དུས་ཚིགས་ཁྱད་པར་ཅན་ཡིན་སྟབས། གོ་སྐབས་འདི་བཟུང་སྟེ་འཇིག་རྟེན་སྐྱེ་འགྲོ་སྤྱི་དང༌། ལྷག་པར་བོད་དང་བོད་མིར་བརྩེ་གདུང་ཅན་རྣམས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ ཞུ་རྒྱུ་ཡིན།
མགོན་ པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱིས་རྒྱལ་དང་རྒྱལ་སྲས་གཞན་གྱིས་གདུལ་བར་མ་ ནུས་པའི་དམུ་རྒོད་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་གདུལ་ཞིང་དུ་བཟུང་སྟེ་ ཐོག་མར་མིའི་འགྲོ་བ་སྤེལ་བ་ནས་བཟུང་དམ་པའི་ཆོས་ཀྱི་སྣོད་རུང་དུ་མཛད་དེ་སངས་ རྒྱས་ཀྱི་བསྟན་པའི་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་དེ་འཇིག་རྟེན་གྱི་ཁྱོན་འདིར་མི་རིགས་གཞན་ལས་ཁྱད་ཞུགས་ པའི་ཆོས་དང་རིག་གཞུང༌། ལྷག་པར་རྣམ་འདྲེན་བཞི་པའི་ཐེག་པ་གསུམ་དང༌། རྒྱུད་སྡེ་བཞིས་བསྡུས་པའི་ཚང་ལ་མ་ནོར་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང༌། དེ་འབྲེལ་ལེགས་བྱང་གི་སྣོད་དུ་མཛད་པ་སོགས་རྒྱལ་བློན་པཎ་གྲུབ་དུ་མའི་སྐུ་ཡི་ རྣམ་པར་རོལ་ཏེ་ད་ལྟའི་བར་ཆོས་སྲིད་དང༌། དཔལ་འབྱོར། སྤྱི་ཚོགས་བདེ་ཐབས་སོགས་སྒོ་ཀུན་ནས་རྗེས་འཛིན་བྱམས་སྐྱོང་མཛད་པ་མ་ཟད། ལྷག་པར་སྙིགས་ལྔའི་རྒུད་ཚོགས་ཆེས་ཆེར་བདོ་སྟེ་བོད་ལྗོངས་བསྟན་སྲིད་མི་རིགས་ དང་བཅས་པ་རྒྱ་དམར་ཀླ་ཀློའི་དཔུང་གིས་བཙན་གནོན་མི་བཟད་པས་མནར་བའི་གནས་སྐབས་ སུའང་མགོན་པོ་གང་གིས་ཞུམ་པ་མེད་པའི་ཐུགས་བསྐྱེད་ཀྱིས་བོད་མིའི་ཆོས་རིག་ ལེགས་བྱང་དང་བཅས་པ་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་ལས་སྐྱོབ་ཆེད་འཕགས་པའི་ཡུལ་ དུ་ྋཞབས་སོར་འཁོད་དེ། ཕེབས་རྗེས་སུ་བསྙེགས་པའི་བཙན་བྱོལ་བོད་མི་འབུམ་ཕྲག་བརྒལ་བར་སོ་སོའི་གནས་བབ་ དང་བསྟུན་པའི་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་ཐོག བོད་རིགས་སྤྱི་ཚོགས་འདུས་སྡོད་ཆོག་པའི་གཞིས་ཆགས་གསར་འཛུགས་དང༌། རིས་མེད་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བཤད་སྒྲུབ་ཀྱི་བསྟི་གནས་གདན་ས་གསར་ སྐྲུན། ན་གཞོན་ཡོངས་ལ་དེང་རབས་དང་སྲོལ་རྒྱུན་གཉིས་འཛོམས་ཀྱི་ཤེས་ཡོན་སློབ་གསོའི་ གོ་སྐབས་འཚེམས་མེད་དུ་བསྩལ་གནང་མཛད་པ་དང༌། འཇིག་རྟེན་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་བྱམས་བརྩེའི་སྙིང་པོ་ཅན་གྱི་གདམས་ངག་ འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་སོགས་སྔར་མེད་ཆོས་ཀྱི་གྲུ་ཆར་འདོད་ རྒུར་འཇོ་བར་མཛད་པའི་ཉེར་འབྲས་སུ་བོད་བརྒྱུད་ནང་བསྟན་འཇིག་རྟེན་ཡོངས་སུ་དར་ ཁྱབ་མཛད་དེ་བོད་དང་བོད་མིར་དགའ་བའི་མང་ཚོགས་རྒྱ་ཆེར་བསྐྲུན་པའི་དབང་གིས་མི་ མང་དང་གཞུང་ཁག་གི་རྒྱབ་སྐྱོར་ལ་བརྟེན་བོད་ཀྱི་རྩ་དོན་རྒྱལ་སྤྱིའི་གླེང་ སྟེགས་ནས་མ་ཡལ་བར་གནས་ཐུབ་ཅིང༌། ཀུན་གྱིས་དོ་སྣང་དང་གདུང་སེམས་མཉམ་བསྐྱེད་བྱ་ཡུལ་དུ་གྱུར། ལྷག་པར་རང་རྒྱལ་གཞན་ཕམ་གྱི་དམིགས་ཡུལ་དོར་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ བྱུས་ལམ་སྟོན་མཛད་པ་ལ་གཞིས་བྱེས་མང་ཚོགས་ཀྱི་རྒྱབ་སྐྱོར་ཧ་ཅང་ཚད་མཐོ་ཐོབ་པ་ མ་ཟད། དྲང་བདེན་དང་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་དང༌། མང་ཚོགས་ཡོངས་ཀྱིས་བོད་མིའི་བདེན་དོན་དང༌། རྒྱ་དམར་དབང་འཛིན་པའི་འོས་འཚམས་མིན་པའི་ལངས་ཕྱོགས་གསལ་རྟོགས་ཀྱིས་བོད་མིའི་ རྩ་དོན་ལ་རྒྱབ་སྐྱོར་ཉིན་བཞིན་ཇེ་མཐོར་སོང་བར་མཛད་པ་བཅས་ཀྱི་བཀྲིན་གྱི་ཕུང་ པོ་བསམ་བརྗོད་ལས་འདས་པའི་ཁར། ཁྱད་པར་རིང་ནས་ཐུགས་ལ་བརྣགས་པའི་བཞེད་དགོངས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ ཡང་དག་པའི་མང་གཙོའི་ལམ་དུ་བསྒྱུར་གནང་མཛད་རྒྱུའི་ཆེད་ཐུགས་བརྩོན་ཆུ་བོའི་ རྒྱུན་བཞིན་བསྐྱངས་ཏེ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་ གསར་འཛུགས་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས། ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་ཁྲི་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་རྒྱུ་སོགས་ བོད་མི་རྣམས་ཀྱི་མང་གཙོའི་གོ་རྟོགས་དང༌། བསམ་སྤྱོད་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་ཐེག་པ་རིམ་འཛེགས་ཀྱི་ལམ་ནས་ད་ཆ་ མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་སླད་འདི་ལོ་ནས་ྋགོང་ས་མཆོག་གིས་ཆབ་ སྲིད་ཀྱི་སྐུ་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་ཁག་ལ་རྩིས་སྤྲོད་ མཛད་པའི་སྒོ་ནས་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་བསྒྱུར་བཅོས་སྔར་མ་གྲགས་པ་ མཛད་པ་འདི་དག་གི་བཀྲིན་གྱི་ཕུང་པོ་ནི་ནམ་ཡང་གཞལ་བར་ག་ལ་ནུས།
༸གོང་ས་མཆོག་གི་རླབས་ཆེན་གྱི་ མཛད་བྱུས་འདི་དག་འུ་ཅག་བོད་འབངས་རྣམས་ཀྱིས་གཏིང་དཔོག་དཀའ་བས་བློ་ཡུལ་དུ་མི་ ཤོང་བ་ལྟ་བུར་གྱུར་ཀྱང༌། ངེས་པའི་དོན་དུ་བོད་མིའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པ་འདིས་ནམ་ཕུགས་ མངའ་དབང་ལྡན་པའི་གཞིས་བྱེས་བོད་མི་ཡོངས་ཀྱིས་རང་གི་སྒྲིག་འཛུགས་སྲ་བརྟན་ ཕུགས་འཕེར་དང༌། རྒྱལ་སྤྱིའི་ནང་རང་གི་ངོ་བོ་ཇེ་གསལ་དུ་སྟོན་པའི་གོ་སྐབས་རང་ཤུགས་ཀྱིས་རྙེད་ ཅིང༌། བོད་དོན་བདེན་མཐའ་གསལ་བའི་ཐབས་བྱུས་ལ་སྔར་ལྷག་བརྩོན་པ་རྒྱུན་བསྐྱེད་བྱ་ རྒྱུའི་འགན་དབང་དང་ནུས་པ་གོང་མཐོར་འགྲོ་རྒྱུའི་གོ་སྐབས་སྦྱིན་པར་མཛད་པ་བཅས་ མདོ་དོན་མཚན་གནས་རྗེས་འབྲེལ་གྱི་སྲིད་དབང་ཚོགས་ཀྱིས་བཀྲབས་པའི་སྲིད་དབང་དུ་ བསྒྱུར་བར་མཛད་པ་འདིས་བོད་མིས་ངོས་འཛིན་བྱས་པའི་གཞུང་གི་ཁྲིམས་མཐུན་གྱི་ གནས་བབ་སྔར་ལྷག་བསྐྲུན་ཏེ་འོས་འདེམས་བྱས་པའི་འགོ་ཁྲིད་ཚོ་གཞིས་བྱེས་བོད་མི་ ཡོངས་ཀྱི་ངོ་ཚབ་མཚོན་ནུས་པ་དང༌། དེ་དག་གི་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་པ་བཅས་ནི་གཟི་བརྗིད་ལྡན་པའི་ རླབས་ཆེན་གྱི་མཛད་རྗེས་ཡིན་པར་ངོས་འཛིན་དང་ཆབས་ཅིག་དམིགས་བསལ་བཀྲིན་རྗེས་ དྲན་ཞུ་རྒྱུ་ཡིན།
ལས་ ཀྱིས་ནོངས་པའི་སྐྱེ་བོ་རེ་ཟུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་ གྱི་མཛད་འཕྲིན་དེ་དག་ལའང་གུས་བཀུར་ཡི་རངས་དང༌། བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཚབ་ཏུ་དངོས་ཤུགས་བརྒྱུད་གསུམ་ནས་ཟུར་ཟ་དང་ སྐྱོན་བརྗོད། ཡི་མ་རངས་པའི་རྣམ་འགྱུར་སྣ་ཚོགས་བསྟན་པ་དང༌། དེང་རབས་ཀྱི་མང་གཙོའི་ལྟ་གྲུབ་ལ་ཁ་གཡར་ཏེ་རང་གིས་འགན་ཁུར་གང་ཡང་མི་དགོས་པར་ བག་ཡངས་སྐྱིད་ཉལ་གྱི་ངང་སྨྲ་ལྕེ་བདེ་མདོག་གནང་མཁན་རྣམས་ད་ཆ་འདོད་བློ་ཚིམས་ དགོས་རྒྱུའང༌། དེ་ལས་ལྡོག་སྟེ་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་པ་ལའང་མ་ རངས་པའི་རྣམ་འགྱུར་བསྟན་པ་དེ་དག་ནི་ལྟ་གྲུབ་དང་བཟང་སྤྱོད་ཀྱི་གཞི་རྟེན་གང་ ཡང་མེད་ཁར། མང་གཙོའི་རིང་ལུགས་དང༌། སྤྱི་ཚོགས་ཀྱི་བདེ་དོན། བོད་མིའི་ཆབ་སྲིད་ཀྱི་གནས་བབ་ཡར་རྒྱས་སོགས་གང་ལའང་དམིགས་པ་མ་ཡིན་པར་རང་ཉིད་ འདོད་བློ་མ་ཁེངས་པའམ་རང་དོན་མ་འགྲུབ་པའི་ངན་ཡུས་ཀྱི་ཆོ་ངེ་ཙམ་དུ་ཟད་པར་ མངོན་གསལ་དུ་གྱུར། དེ་བཞིན་བོད་མིའི་ཞི་བའི་སྤྱི་ཚོགས་སུའང་གནས་ཚུལ་འདི་རིགས་ལ་འགན་ཁུར་ཡོད་ པའི་སྒོ་ནས་གདོང་ལེན་དང་ལན་འདེབས་སོགས་གང་ཡང་མེད་པར་གང་བྱུང་རོ་སྙོམ་གྱི་ ཚུལ་དུ་འཛུམ་མེར་བཞུགས་པའང་སྤྱི་མཐུན་བསོད་ནམས་ཟད་པའི་དངོས་རྟགས་ཤིག་ཡིན་ ནམ་སྙམ།
ད་ རེས་ཀྱི་གོ་སྐབས་ཁྱད་པར་ཅན་འདིའི་བརྒྱུད་ཡུན་ཚད་ཚང་ལ་ཉེ་བའི་སྐབས་བཅུ་གསུམ་ པའི་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་བཅས་འཐོན་ ཕྱག་ཞུ་བ་དང་ཆབས་ཅིག གསལ་འདེབས་ཞུ་བྱའི་སྙིང་དོན། ད་རེས་བོད་མིའི་ཆབ་སྲིད་ཀྱི་འགྱུར་འགྲོས་རླབས་ཆེན་འདིའི་སྐབས་བཙན་བྱོལ་བོད་ མི་ཡོངས་ནས་ཆོས་ལུགས་ཆོལ་ཁ་ལྟ་བུའི་གུ་དོག་གི་བསམ་ཚུལ་དོར་ཏེ་མང་གཙོའི་ལྟ་ གྲུབ་གཞིར་བཟུང་བཀའ་ཁྲི་གསར་པ་འོས་ཆོས་ཚང་ངེས་ཤིག་ཚད་མཐོའི་མང་མོས་ཀྱིས་ འོས་འདེམས་གནང་ཐུབ་པ་ནི་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་དང་ཆབ་སྲིད་ཀྱི་རྣམ་ དཔྱོད་གསལ་བར་མཚོན་པས་དགའ་སྤོབས་བྱ་འོས་པའི་གནས་ཚུལ་ཞིག་ཡིན། རླབས་ཆེན་གྱི་གོམ་བགྲོད་འདི་དང་ཆབས་ཅིག་ད་ལྟའི་ཆབ་སྲིད་ཀྱི་འགྱུར་བ་འདི་དག་ གིས་བོད་མི་རྣམས་ལ་ཐེ་ཚོམ་དང་ཞུམ་པ་བསྐྱེད་དུ་མི་འཇུག་པར་སྙིང་སྟོབས་དང་ ཆོད་སེམས་བརྟན་པོས་རང་རེའི་བོད་མིའི་ཆབ་སྲིད་ཀྱི་ནུས་སྟོབས་གོང་མཐོར་གཏོང་ བའི་གོམ་སྟབས་འདི་ཉིད་མྱུར་ཤུགས་ཆེན་པོས་མདུན་སྤོས་ཐུབ་པའི་ཐབས་ཚུལ་ལ་སྒོ་ ཀུན་ནས་འབད་བརྩོན་ཤུགས་ཆེ་གནང་དགོས་པའི་གཞེན་སྐུལ་ནན་པོ་ཞུ་རྒྱུ་ཡིན།
བོད་མིའི་རྩ་དོན་ཆེད་བོད་རྒྱ་ འབྲེལ་མོལ་གྱི་ལས་རིམ་ད་ཆ་རང་ཕྱོགས་ནས་མངོན་འདོད་གསལ་སྟོན་དགོས་ཚད་འཚེམས་ ལུས་མེད་པར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་ འཆར་དང༌། དེའི་འགྲེལ་བརྗོད་ཡིག་ཆ་གཉིས་ཀྱི་བརྒྱུད་ནས་གསལ་སྟོན་བྱས་ཟིན་པ་ཡིན་པས་ད་ཆ་ བོད་མིའི་ཕྱོགས་ནས་གནས་ཚུལ་གསར་པ་བཤད་རྒྱུ་གང་ཡང་ལྷག་མེད། འོན་ཀྱང་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་ང་ཚོའི་ བསམ་འཆར་དང་འགྲེལ་བརྗོད་ཡིག་ཆ་བཅས་ལ་བསམ་ཞིབ་ཀྱིས་དོན་སྙིང་ལྡན་པའི་མདུན་ བསྐྱོད་བྱ་རྒྱུའི་རེ་བ་ཕལ་ཆེར་རྫོགས་པ་ལྟ་བུར་འདུག་ཀྱང༌། རང་ཕྱོགས་ནས་འབྲེལ་མོལ་མུ་མཐུད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡིན་པ་མ་ཟད། འབྱུང་འགྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འགྱུར་ འགྲོས་དང་བསྟུན་འབྲེལ་མོལ་མདུན་བསྐྱོད་བྱ་རྒྱུའི་རྨང་གཞི་སྲ་བརྟན་དང་ལམ་ ཕྱོགས་ངེས་བརྟན་ཞིག་གཏོད་ཟིན་པ་ཡིན།
བཙན་བྱོལ་བོད་མིའི་བདེ་དོན་དང༌། ལྷག་པར་ན་གཞོན་རྣམས་ཀྱི་ཤེས་ཡོན་དང་འདུན་ལམ་བཅས་ཀྱི་ཐོག་འབད་བརྩོན་རྒྱུན་ མཐུད་བྱས་འབྲས་སུ་གཞིས་ཆགས་སྲ་བརྟན་ཡོང་ཐབས་ཀྱི་ལས་འཆར་ཁག་དང༌། གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་སོགས་གྲུབ་འབྲས་ཅི་རིགས་ཐོན་ཡོད་ནའང༌། བསམ་ཐོག་དོན་འཁེལ་མ་བྱུང་བའི་གནས་ཚུལ་ཡང་དེ་ལས་མང་བ་ཞིག་བྱུང་ཡོད། འོན་ཀྱང་ཐབས་ཤེས་དང་འབད་བརྩོན་མ་བྱས་པའི་གནོང་འགྱོད་མེད། བཙན་བྱོལ་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་བབ་གཉན་འཕྲང་ཉེན་ཚབས་ཅན་ལས་ གྲོལ་ཏེ་ད་ཆ་སྒྲིག་འཛུགས་ཀྱི་གཞི་རིམ་དགོས་མཁོ་མེད་དུ་མི་རུང་བ་རྣམས་གཞན་ བརྟེན་མ་དགོས་ཙམ་གྱི་མཚམས་སུ་སླེབས་ཡོད།
བལ་ཡུལ་ཁུལ་དུ་བར་སྐབས་ཆབ་སྲིད་ ཀྱི་གནས་བབ་ལ་བརྟེན་དེར་ཡོད་བཙན་བྱོལ་བོད་མི་རྣམས་ལ་དབུས་བོད་ཀྱི་འཛིན་ སྐྱོང་ནས་མཐུན་འགྱུར་དང་ལྟ་སྐྱོང་གཏན་ནས་མ་ཐུབ་པའི་གནས་སུ་གྱར་ཞིང༌། སྐུ་ཚབ་དོན་གཅོད་ཀྱང་བསྐོ་འཛུགས་མ་ཐུབ་ཁར། ཚོགས་པ་དེབ་སྐྱེལ་དང༌། བཙན་བྱོལ་བོད་མི་ཉུང་དུ་གཏོང་ཆེད་ཡུལ་ལུང་གཞན་དུ་བོད་མི་གནས་སྤོས་བྱེད་ཐབས་ བཅས་ཀྱི་ལས་འཆར་ཡོངས་རྫོགས་ལམ་ལྷོང་མ་བྱུང་བར་བློ་ཕམ་ཆེ་ཡང་བྱེད་ཐབས་བྲལ། ད་ཆ་སླར་ཡང་བལ་ཡུལ་གྱི་ཡུལ་མི་ཞིག་དྭང་བླངས་བཙན་བྱོལ་བོད་མིའི་འབྲེལ་མཐུད་ པའི་ངོ་བོར་གསར་བསྐོ་བྱས་པ་དེས་ཁུལ་དེའི་བོད་མི་རྣམས་ཀྱི་དཀའ་སེལ་སླད་ཞབས་ འདེགས་ཕྲན་བུ་སྒྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅིང༌། ཁོང་ལ་དེར་བཞུགས་བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་དུས་ཀྱི་དགོས་མཁོ་ལ་དགོངས་ ཏེ་མཐུན་འགྱུར་དང་མཉམ་རུབ་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༠༨ ནས་བཟུང་གཞིས་བཞུགས་བོད་རིགས་ལྷག་བསམ་དང་སྙིང་སྟོབས་ཀྱིས་ཕྱུག་པ་རྣམས་ཀྱིས་ འཚེ་མེད་ཞི་བའི་རྒྱ་ལས་མི་འདའ་བའི་སྒོ་ནས་བདེན་པའི་ལས་འགུལ་རྒྱུན་མཐུད་གནང་ བ་སྤྱི་དང༌། ཁྱད་པར་ཉེ་བའི་ཟླ་གྲངས་ཁ་ཤས་རིང་ཀིརྟི་ཡུལ་དགོན་དང༌། དཀར་མཛེས་ཁུལ་སོགས་ས་ཁུལ་མང་པོར་ལུས་སྲོག་ལོངས་སྤྱོད་གང་ལའང་ལྟོས་པ་མེད་ པའི་རླབས་ཆེན་གྱི་ལས་འགུལ་དུ་ཞུགས་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ཡི་ རངས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ད་ལྟ་བཙོན་ཁང་དང་མནར་གཅོད་ཀྱི་འོག་ཚུད་པ་རྣམས་ཀྱང་མྱུར་དུ་བཙོན་འགྲོལ་འཐོབ་ པའི་སྨོན་འདུན་ཞུ་རྒྱུ་ཡིན།
གཞིས་བྱེས་བོད་རིགས་ཡོངས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་ དག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་འཕྲིན་ལས་ཁོ་ན་ ལ་རག་ལུས་པས་ྋགོང་ས་མཆོག་གི་སྐུ་ཚེ་ྋཞབས་པད་ཡུན་བརྟན་ཡོང་རྒྱུ་ནི་བོད་མིའི་ བདེ་སྐྱིད་ཀྱི་སྲོག་རྩ་ཡིན་པ་དང༌། དགའ་སྤྲོ་འོས་པ་ཞིག་ལ་ྋགོང་ས་མཆོག་ནས་ཀྱང་ཐུགས་བརྩེ་བ་ཆེན་པོས་སྐུ་ཚེ་ རྒྱུན་རིང་བརྟན་རྒྱུའི་ཞལ་བཞེས་བཟང་པོ་སྔ་རྗེས་སུ་ཡོད་པ་དེ་ལྟར་ཡང༌། ཉེ་བའི་ཆར་སྲི་ཞུ་བ་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོར་བརྟན་བཞུགས་བསྟར་ འབུལ་སྐབས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ དུ་ྋགོང་ས་མཆོག་དགུང་གྲངས་ ༡༡༣ བར་འཚོ་བཞུགས་གནང་རྒྱུའི་ཞལ་བཞེས་ཡོད་ཀྱང༌། ཞལ་བཞེས་དོན་སྨིན་ཡོང་མིན་བོད་མིའི་བྱེད་སྤྱོད་ལ་རག་ལུས་པ་ཀུན་གྱིས་གོ་བར་ བྱ་དགོས་ཞེས་ཕེབས་པ་ལྟར་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ནས་རང་དོན་རང་གཅེས་ ཀྱིས་ྋགོང་ས་མཆོག་གི་བཀའ་དགོངས་དང་མི་འགལ་བ་དང༌། བོད་ཀྱི་སྲོལ་རྒྱུན་ཡ་རབས་སྤྱོད་བཟང་ཉམས་པ་མེད་པའི་ཐབས་ཚུལ་ལ་སྒོ་ཀུན་ནས་ འབད་འབུང་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། བཀའ་ཤག་གིས་ ༢༠༡༡ ཕྱི་ཟླ་ ༧ ཚེས་ ༦ ལ།། །།