༢༠༡༡ ཟླ་ ༧ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིར་རྟེན་གཞི་བྱས་པའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བོད་སྐད་སྡེ་ཚན་གྱིས་གཙོས་སྐད་རིགས་མི་འདྲ་བ་བརྒྱད་ཀྱི་ལས་བྱེད་རྣམ་པར་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད།
དེ་ཡང་ཐོག་མར་རླུང་འཕྲིན་ཁང་གི་འགན་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དབུ་བརྙེས་ཏེ་ལོ་ངོ་ ༡༥ འཁོར་བའི་དུས་སྐབས་འདི་གར་ཆིབས་སྒྱུར་བསྐྱངས་པར་དགའ་བསུ་ཞུས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་ནི་འཛམ་གླིང་འདིའི་སྟེང་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་འགུལ་སྤེལ་མཁན་རྣམས་ལ་བློ་སྟོབས་སྤེལ་མཁན་ཞིག་ཡིན། ཞེས་སོགས་ངོ་སྤྲོད་གསུངས་བཤད་གནང་ཡོད། དེ་རྗེས་༸གོང་ས་མཆོག་གིས་ཨ་རིའི་རྒྱལ་ཁབ་ནི་རང་དབང་དང་། མང་གཙོ། གཞི་རྩའི་མང་གཙོའི་ལྟ་གྲུབ་ཁག་ཁྱབ་སྤེལ་གནང་མཁན་རྒྱལ་ཁབ་ཅིག་ཡིན་སྐོར་དང། མ་འོངས་པར་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཨ་རིའི་རྒྱལ་ཁབ་དང། མི་འབོར་ཆེ་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་རྒྱ་གར་གཉིས་ལ་མང་གཙོ་དར་སྤེལ་སླད་ལས་དོན་གཞི་རྒྱ་ཆེ་བ་སྤེལ་རྒྱུའི་བྱེད་སྒོ་ཡོད་སྐོར་བཀའ་སློབ་སྩལ་ཡོད། མང་གཙོའི་ལྟ་གྲུབ་དེ་དག་རྒྱ་ནག་དང་། བོད། ཡུ་གུར་མི་རིགས་ཡོད་པའི་ས་ཁུལ་ཁག་མ་ཟད། ནང་སོག་ནང་དུའང་ཁྱབ་སྤེལ་གནང་དགོས། ཞེས་སོགས་བཀའ་སློབ་སཙལ་ཡོད་པ་མ་ཟད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནང་སོག་པོའི་སྐད་ཡིག་གི་སྡེ་ཚན་ཞིག་གསར་འཛུགས་གནང་དགོས་པའི་དགོངས་འཆར་སྟོན་གནང་མཛད་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་ཕྱི་ལོ་ ༡༩༨༩ ལོར་ཨ་རིའི་གཞུང་གི་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་(Radio Free Europe) འཇར་མ་ནི་བྷར་ལེན་གྱང་(Germany Berlin Wall) ཞེས་པའི་རང་དབང་མང་གཙོའི་ཡུ་རོབ་དང་དམར་པོའི་ཡུ་རོབ་གཉིས་ཁག་དབྱེ་རྒྱུའི་གྱང་ཆེན་དེ་མེད་པར་བཟོས་ནས་ཤར་ཡུ་རོབ་ནང་དང་། འཛམ་གླིང་གི་ས་ཕྱོགས་གང་སར་རང་དབང་གི་ཉིན་མ་ཤར་བ་བཟོ་གནང་བ་དེ་ཨི་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་རྣམ་པས་རང་དབང་མེད་པའི་ཡུལ་གྲུ་ཁག་དང་། ལྷག་པར་དམ་བསྒྲགས་ཆེ་བའི་ཡུལ་གྲུ་ཁག་གི་ནང་མང་གཙོའི་ཐོག་སློབ་གསོའི་ལས་དོན་སྤེལ་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད་པར་བརྟེན་ཁྱེད་རྣམ་པའི་ཕྱག་ལས་དེར་རྗེས་སུ་ཡི་རང་ཡོད་ཅེས་བཀའ་སློབ་སྩལ་ཡོད།
ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་སྐད་དང། རྒྱ་སྐད། ཤར་ཏུར་ཁི་སི་ཐན་སྐད་ཀྱི་སྡེ་ཚན་གྱིས་དྲི་བ་ཁག་ཅིག་ཕུལ་ཡོད། དྲི་བ་དང་པོ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གཞོན་སྐྱེས་མང་པོས་བོད་ཀྱི་རྩ་དོན་སླད་རང་སྲོག་བློས་གཏོང་རྒྱུར་གྲ་སྒྲིག་ཡོད་ཅེས་ཞུས་པ་དེ་༸གོང་ས་མཆོག་གི་མཁྱེན་ཡོད་པའི་རེ་བ་ཞུ་གི་ཡོད་པ་ལྟར། བོད་ཀྱི་ཕྱིར་གནས་པའི་ཁོངས་ནས་ད་ལྟའི་ཆར་ལོ་ན་ ༢༠ ནང་གསོན་པའི་ན་གཞོན་ཙམ་མ་ཟད། བོད་ནང་གི་རྒྱ་ཆེའི་གཞོན་ནུ་དེ་དག་ལ་༸གོང་ས་མཆོག་གི་བཀའ་ལན་ཇི་འདྲ་ཞིག་བསྩལ་རྒྱུ་ཡོད་དམ་ཞེས་པའི་དྲི་བ་འབུལ་སྐབས། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། གཞོན་ནུ་ཚོའི་སོ་སོའི་ལུས་ཐོག་འདས་པའི་ལོ་ ༥༠།༦༠ རིང་གི་དཀའ་ངལ་དཀའ་ངལ་དང་སྡུག་བསྔལ་དེ་ཙམ་མྱང་མེད་ནའང། ཁོང་ཚོའི་ཕ་མེས་ཚོ་དང་ད་ལྟའི་མི་རབས་ཚོས་མྱོང་བཞིན་པ་རེད། འོན་ཀྱང་དངོས་འབྲེལ་བྱས་ན་དུས་ཚོད་འགྲོ་གི་ཡོད། མི་རབས་ལའང་འགྱུར་བ་འགྲོ་བཞིན་ཡོད། བོད་མིའི་སྙིང་སྟོབས་ཤུགས་ཆེ་རུ་འགྲོ་གི་ཡོད་ཀྱང་གཞོན་སྐྱེ་ཚོས་སྐབས་རེ་བློ་འཚབ་ཆེན་པོ་བྱས་ཏེ་ངག་རྒྱུན་ཐུང་ངུའི་ཐོག་སོ་སོའི་དམིགས་ཡུལ་འཕྲལ་མ་ཉིད་དུ་བསྒྲུབ་རྒྱུའི་རེ་བ་བཅང་གི་ཡོད་པ་དེ་དངོས་གསལ་དོད་པོ་རེད། དེར་བརྟེན་བོད་ཕྱི་ནང་གཉིས་སུ་ཡོད་པའི་གཞོན་སྐྱེ་ཚོས་ང་ཚོའི་ལངས་ཕྱོགས་ཐད་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ་ནི་ཧ་གོ་དོན་གསལ་རེད། དེའི་མཚམས་དེར་ངོས་ཀྱིས་བརྗོད་དགོས་པ་ཞིག་ལ་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ངོས་ཀྱིས་བོད་ཀྱི་རྩོམ་པ་པོ་དང་མཁས་དབང་། དམར་ཤོག་ཚོགས་པའི་ཚོགས་མི་དང་དཔོན་རིགས་ཟུར་པ། ཚོགས་པའི་གནད་ཡོད་ལས་ཐོག་མི་སྣ་ཁ་ཤས། རྒྱ་ནག་ནང་གི་གཙུག་ལག་སློབ་གྲྭ་ཁག་ནས་ཐོན་པའི་བོད་པའི་སློབ་ཕྲུག་མང་པོ་དང་ཐུག་འཕྲད་བྱས་པ་ཡིན། ཁོང་ཚོ་ཚང་མས་རྒྱ་ནག་ནས་ཁ་བྲལ་མི་འགྲོ་བའི་ང་ཚོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཆ་ཚང་བྱེད་ཀྱི་འདུག་ལ། དྲག་པོའི་ཐབས་ལམ་སྐོར་རང་བཞིན་གྱི་དྲི་བ་བསླེབས་ཀྱི་མེད། གང་ཡིན་ཞེ་ན་ང་ཚོའི་འཚེ་མེད་ཞི་བའི་ལྟ་སྒྲུབ་ཚུལ་བཞིན་དུ་ལག་བསྟར་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་མཁས་དབང་དང་སློབ་ཕྲུག་སོགས་རྒྱ་ནག་ཧན་མི་རིགས་སྤུན་ཟླ་མང་པོས་ང་ཚོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་བྱེད་ཀྱི་ཡོད། དེར་བརྟེན་གནད་དོན་འདི་རིགས་ང་ཚོའི་གཞོན་སྐྱེས་ཚོས་ཤེས་དགོས་ཀྱི་རེད་བསམ་གྱི་ཡོད་ཅེས་བཀའ་ལན་ཕེབས་ཡོད།
༸གོང་ས་མཆོག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནང་ཆིབས་སྒྱུར་བསྐྱངས་ཏེ་ལས་བྱེད་པ་རྣམ་པར་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།