༢༠༡༡ ཟླ་ ༧ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཨོལ་ (Seoul) དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་རྟེན་འབྲེལ་བཞིན་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་སྲུང་བརྩི་་གཟབ་རྒྱས་ངང་ཞུས་ཡོད། དེ་ཡང་སྐུའི་འཁྲུངས་སྐར་གྱི་མཛད་སྒོ་དེ་ཨེ་ཌབ་ལུ་ (AW Convention Center) ཁོན་ཝན་ཤན་ཚོགས་ཁང་ནང་གོ་སྒྲིག་ཞུ་སྐབས་ཀོ་རི་ཡ་ནང་པའི་ཆོས་ཚོགས་ཀྱི་མཁན་པོ་དང་དགེ་འདུན་པ། གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་ཅན་དང་མཁས་དབང། ཐེངས་འདིའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་སྐུའི་གཅུང་པོ་མངའ་རི་རིན་པོ་ཆེ་མཆོག དེ་བཞིན་ཚོང་པ་དང་མི་མང་བཅས་ཁྱོན་མི་གྲངས་ ༧༠༠ བརྒལ་བས་མཛད་སྒོར་མཉམ་ཞུགས་གནང་ཡོད།
མཛད་སྒོའི་ཐོག་མར་ཀོ་རི་ཡའི་དགེ་འདུན་པ་ཇིན་ཨོཀ་སུ་ནིམ་ (Ven. JinOk Sunim) ལགས་ཀྱིས་སྐྱབས་འགྲོ་དང་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་བོད་རིགས་སེར་སྐྱ་མི་མང་རྣམས་ཀྱིས་༸རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་།
དེ་རྗེས་ཀོ་རི་ཡར་རྟེན་གཞི་བྱས་པའི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་ནམ་མཁའ་བསྟན་འཛིན་ལགས་ཀྱིས་སྐུ་མགྲོན་རྣམས་དང་མང་ཚོགས་ཡོངས་ལ་འཚམས་འདྲི་ཞུས་གྲུབ་མཚམས། སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་།
དེ་ནས་སྐུའི་གཅུང་པོ་མངའ་རི་རིན་པོ་ཆེ་མཆོག་གིས་སློབ་དཔོན་རོ་བྷར་ཊི་ཐར་མན་(Prof.Robert Thurman) ལགས་ཀྱིས་བརྩམས་པའི་(Why Dalai lama Matters) ཞེས་པའི་དཔེ་དེབ་ཀོ་རི་ཡའི་སྐད་ཡིག་ནང་ཕབ་སྒྱུར་བྱས་པའི་དཔེ་དེབ་དབུ་འབྱེད་གནང་བ་མ་ཟད། སྐུ་ཞབས་ཇུན་ཝུ་སུ་ནིམ་(Ven.JunWoo Sumin) ལགས་ཀྱིས་གཙོས་ཀོ་རི་ཡའི་བླ་མ་དང་མཁས་དབང་བཅས་ཀྱིས་རེ་རེ་བཞིན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་ཆབས༌ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཡང་ཞུས་ཡོད། ཕྱོགས་མཚུངས་ཀོ་རི་ཡར་གནས་སྡོད་བོད་རིགས་རྣམས་ཀྱིས་བོད་ཀྱི་གཞས་སྣ་འཁྲབ་སྟོན་སྐབས།
ཀོ་རི་ཡ་མང་ཚོགས་རྣམས་ཀྱིསདགའ་མོས་ཆེན་པོ་བྱས་ཡོད། མཛད་སྒོའི་མཇུག་བསྡོམས་སུ་ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་མགོ་ལགས་ཀྱིས་སྐུ་མགྲོན་རྣམས་དང་ལྷག་པར་མཛད་སྒོ་ཚགས་ཚུད་ཡོང་སླད་མི་རྒྱུ་གཉིས་ཀྱི་མཐུན་འགྱུར་གནང་མཁན་ཀོ་རི་ཡའི་གྲོགས་པོ་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།