༢༠༡༡ ཟླ་ ༧ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ཐོག་མར་ཝེ་རའི་ཛོན་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྔོན་འགྲོའི་སྒྲུབ་བཞག་གི་ཆོ་ག་རྣམས་ལེགས་པར་མཇུག་སྒྲིལ་མཛད། དེ་རྗེས་༸གོང་ས་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ (Radio Free Asia) ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་སྐྱོང་སྐབས་ཚོགས་གཙོ་ལི་བྷུ་ལིའུ་ལགས་དང་ལས་བྱེད་རྒན་གྲས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་གདན་འདྲེན་ཞུས།
སྐབས་དེར་ཐོག་མར་༸གོང་ས་མཆོག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་ཇེར་རི་ཛའོ་ (Jerry Zhao) ལགས་ཀྱི་ཆེད་དོན་དྲི་བར་བཀའ་ལན་སྩལ། དེ་རྗེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་འགན་འཛིན་གྱི་ལས་བྱེད་རྣམས་ལ་མཇལ་ཁ་སྩལ། སྐབས་དེར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་འདེམས་ཐོན་བཀའ་ཁྲི་མཆོག ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་མཆོག་བཅས་ཀྱང་ལྷན་བཅར་ཞུས་ཡོད།
དེ་ནས་༸གོང་ས་མཆོག་གི་ཨེ་ཤི་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་དང་རླུང་འཕྲིན་ཁང་གི་བོད་མི་གསར་འགོད་པ་བཅས་ལ་བཀའ་སློབ་སྩལ་དོན།
མ་འོངས་འཛམ་གླིང་ནང་ཡར་རྒྱས་འགྲོ་རྒྱུར་ཨ་རི་དང་རྒྱ་གར་ལྟ་བུའི་མང་གཙོའི་རྒྱལ་ཁབ་ཚོར་འགན་ཆེན་པོ་ཡོད། རྒྱལ་ཁབ་དེ་དག་གིས་གཙིགས་ཆེར་འཛིན་པའི་མང་གཙོ་དང་དྲང་བདེན། འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ལྟ་གྲུབ་དེ་དག་གོང་མཐོར་གཏོང་བར་ཤེས་ཡོན་ལ་རག་ལུས་ཡོད། རླུང་འཕྲིན་ཁང་འདི་ལྟ་བུར་ཆ་མཚོན་ན་ལྟ་གྲུབ་དེ་དག་གོང་མཐོར་གཏོང་རྒྱུར་འགན་ཆེན་པོ་ཡོད། དེ་སྔ་བྷར་ལིན་རྩིག་པ་(Berlin Wall) མ་བཤིག་པའི་སྔོན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་(Radio Free Europe) གིས་ཤར་ཇར་མན་ནང་གི་མང་ཚོགས་རྣམས་ལ་གནས་ཚུལ་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད།
ད་ཆ་སྔར་ལས་ཆ་རྐྱེན་བཟང་བ་ཡོད་ཚེ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གསར་འགྱུར་དེ་དག་རང་དབང་མེད་པའི་མི་མང་ཚོར་ཕན་ཐོགས་དེ་སྔ་ལས་ཀྱང་རྒྱ་ཆེ་བ་བྱེད་ཐུབ་རྒྱུ་རེད། དེར་བརྟེན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་འདི་ལྟ་བུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ད་བར་ཨེ་ཤི་ཡ་རང་དབང་རླུང་འཕྲན་ཁང་དུ་སོག་སྐད་ཀྱི་གསར་འགྱུར་ལས་རིམ་རྒྱང་སྲིང་ཞུ་གི་མེད། འོན་ཀྱང་མ་འོངས་པར་སོག་སྐད་ཐོག་ལས་རིམ་རྒྱང་སྲིང་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་ཞེས་སོགས་བཀའ་སློབ་སྩལ།
དེ་རྗེས་༸གོང་ས་མཆོག་ཝ་རའི་ཛོན་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས། ཉིན་རྒྱབ་མགོན་པོ་གང་ཉིད་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་སྩལ་ཏེ་བཀའ་སློབ་སྩལ་དོན།
དེང་སྐབས་འཛམ་གླིང་ནང་དཀའ་ངལ་མང་པོ་ཞིག་བཟང་སྤྱོད་ཉམས་ཆག་ཕྱིན་པ་ལས་བྱུང་བ་ཞིག་རེད། འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་དེ་དག་གོང་མཐོར་གཏོང་འོས་པ་ཞིག་དང་གལ་ཆེན་པོ་ཞིག་ཆགས་ཡོད། ནང་ཆོས་ལ་རྒྱུ་མཚན་ཤེས་པའི་ཐོག་ནས་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ན་ལེཎྜའི་པཎ་གྲུབ་ཚོས་རིག་པའི་ལམ་ནས་བརྡར་ཤ་གཅོད་དགོས་པ་གསུངས་ཡོད། དེར་བརྟེན་བོད་ཀྱི་ནང་ཆོས་དེ་ན་ལཎྜའི་སྲོལ་རྒྱུན་དྲི་མ་མེད་པ་ཞིག་ཡིན་པར་བརྟེན། ད་ལྟའི་དུས་སྐབས་འདིར་དམིགས་བསལ་གྱིས་འོས་འཚམས་ལྡན་པ་ཞིག་ཆགས་ཡོད་ཅེས་བཀའ་སློབ་སྩལ། ཕྱོགས་མཚུངས་སྐབས་དེར་༸གོང་ས་མཆོག་གིས་ནང་ཆོས་ལ་ནང་པའི་ཆོས་དང་།
ནང་ཆོས་ཀྱི་ཚན་རིག ནང་ཆོས་ཀྱི་ལྟ་གྲུབ་བཅས་ཆ་གསུམ་དུ་ཕྱེ་གནང་མཛད་སྐོར་བཀའ་སློབ་སྩལ། གཞན་ཡང་སྐབས་དེར་བོད་ཀྱི་གནད་དོན་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ང་ཚོ་བོད་མི་ཚོར་ཆ་བཞག་ན་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བོད་བརྒྱུད་ནང་བསྟན་གསོན་པོ་གནས་རྒྱུར་སོག་པོ་ཚོར་རག་ལུས་ཡོད། དེར་བརྟེན་བོད་བརྒྱུད་ནང་བསྟན་གྱི་ལྷན་ཚོགས་འདི་ལྟ་བུ་ཡང་ཡང་ཚུགས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། དུས་དབང་ཆོས་རར་ཆིབས་སྒྱུར་བསྐྱངས་ཏེ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་མའི་སྔོན་འགྲོའི་བཀའ་ཆོས་ལེགས་པར་མཇུག་སྒྲིལ་མཛད། བཀའ་ཆོས་ལེགས་པར་གྲུབ་བསྟུན་༸གོང་ས་མཆོག་གིས་དོལ་རྒྱལ་སྐོར་དགོངས་བཞེས་ཇི་ཡོད་གསལ་བཤད་མཛད་དེ་དོལ་རྒྱལ་བསྟན་མཁན་དེ་འདྲ་ཡོད་ཚེ་བཀའ་དབང་དངོས་གཞི་སྐབས་མ་ཡོང་རོགས་ཞེས་འབོད་སྐུལ་མཛད།
དེ་བཞིན་ཕྱི་དྲོ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་གཞུང་འབྲེལ་གསོལ་སྟོན་ཞིག་ཕུལ། སྐབས་དེར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐབས་གསུམ་པའི་བཀའ་ཁྲིར་འདེམས་འཐོན་བྱུང་བ་མཁས་དབང་བློ་བཟང་སེང་གེ་མཆོག་དང་། ཨ་རིའི་གཞུང་གི་བགྲེས་ཡོལ་དང་ལས་ཐོག་ལས་བྱེད་ཁག་གཅིག་དེ་བཞིན་ཡུན་རིང་ནས་བོད་མིར་རྒྱབ་སྐྱོར་གནང་མཁན་བཅས་ལྷན་ཞུགས་གནང་ཡོད། སྐབས་དེར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་མཆོག་གིས་ཚོགས་བཅར་བ་རྣམས་ལ་བཀའ་ཁྲི་གསར་པར་འདེམས་ཐོན་བྱུང་བ་མཁས་དབང་བློ་བཟང་སེང་གེ་མཆོག་ངོ་སྤྲོད་གནང་ཡོད་པ་བཅས།།