༢༠༡༡ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ཐོག་མར་དུས་འཁོར་དབང་ཆེན་གྱི་བཀའ་ཆོས་སྩལ་སའི་ཆོས་ར་་ཝ་རའི་ཛོན་ཚོགས་ཁང་ཆེན་མོའི་ནང་ཆིབས་སྒྱུར་བསྐྱངས་ཏེ་སྔོན་འགྲོའི་ཆོ་ག་མཛད་སྐབས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་རྣམས་ཀྱིས་དུས་འཁོར་གྱི་རྡུལ་མཚོན་དཀྱིལ་འཁོར་བཞེངས་གནང་མཛད།
ཉིན་རྒྱབ་གསར་ཤོག་དུས་དེབ་རོ་ལིང་སི་ཊོན་ (Rolling Stone magazine) ཞེས་པའི་གསར་འགོད་པ་མག་སེ་ལི་གར་ (Mark Seliger) ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་སྐུ་དཔར་བསྒྲོན་འབུལ་ཞུས་པ་རྣམས་ཟླ་ ༧ ཚེས་ ༢༠ དང་ ༢༢ བར་དུས་དེབ་དེའི་ནང་འདོན་སྤེལ་གནང་རྒྱུ་ཡིན་པ་མ་ཟད། གསར་ཤོག་དུས་དེབ་དེའི་རྩོམ་སྒྲིག་པ་ལྕམ་མེ་ལི་ས་ མ་ཐི་སན་ (Melissa mathison) ལགས་ཀྱིས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ལ་རྩིས་སྤྲོད་མཛད་པའི་གནད་དོན་སྐོར་ཆེད་རྩོམ་ཞིག་ཀྱང་འབྲི་རྒྱུ་ཡིན་འདུག གཞན་ཡང་དེ་ཉིན་༸གོང་ས་མཆོག་གིས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ལ་མཇལ་ཁ་སྩོལ་སྐབས་ཝ་ཤིན་ཊོན་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་སྐལ་ལྡན་བློ་གྲོས་ལགས་ཀྱིས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚབ་ཞུས་ཏེ་དུས་འཁོར་དབང་ཆེན་ཐེངས་ ༣༡ པའི་གོ་སྒྲིག་ཞུ་ཕྱོགས་དང་འབྲེལ་བའི་ལས་དོན་རྣམས་ལྷ་སྙན་སྒྲོན་འབུལ་ཞུས། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ད་ལྟ་དུས་དབང་དངོས་གཞི་འགོ་འཛུགས་མེད་ཀྱང་ད་བར་ལས་དོན་རྣམས་གང་ལེགས་བྱུང་བར་བརྟེན་ཚོགས་མི་རྣམས་ཀྱི་དཀའ་ལས་བརྒྱབ་པའི་དགེ་བའི་འབྲས་བུ་དེ་གང་ཟག་སྒེར་རང་ཉིད་ཙམ་མིན་པར་མ་འགྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་ཐུབ་པ་ཞིག་བྱུང་ན། འཛམ་གླིང་ཞི་བདེའི་ཆེད་དུ་དུས་འཁོར་དབང་ཆེན་གོ་སྒྲིག་ཞུས་པ་དེ་མིང་དོན་མཚུངས་པ་གཅིག་ཡོང་གི་ཡོད་པ་དང་། གཞན་ཡང་དུས་དབང་སྐབས་ཞལ་འདེབས་སོགས་འབུལ་བ་གང་བྱུང་བ་རྣམས་ཚུལ་མིན་བེད་སྤྱོད་བྱེད་རྒྱུ་དེ་སྔ་བྱུང་བར་བརྟེན། དུས་དབང་སྐབས་ཀྱི་བྱུང་སོང་གི་རྩིས་ཁྲ་རྣམས་ཁ་གསལ་དང་དངུལ་དེ་དག་བེད་སྤྱོད་ཚུལ་མཐུན་གཏོང་དགོས་གལ་ཆེ་སྐོར་བཀའ་སློབ་སྩལ་གྲུབ་བསྟུན། བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་པ།
གསར་གནས།
འབྲེལ་གནས།