༢༠༡༡ ཟླ་ ༦ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༠ ནས་ཕྱི་ཟླ་ ༦ ཚེས་ ༡༧ བར་སུད་སིའི་རྒྱལ་ས་ཇི་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༧ པ་འཚོགས་བཞིན་པ་དང་སྟབས་བསྟུན་སུད་སི་དང་ལེཀ་ཊེན་སི་ཊེན་ནང་ཡོད་པའི་བོད་རིགས་ཚོགས་པས་མཉམ་སྦྲེལ་རྒྱལ་ཚོགས་ལ་བོད་ནང་གི་དངོས་ཡོད་ཚུལ་གནས་ཚུལ་རྟོག་ཞིབ་ཆེད་སྐུ་ཚབ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད།
དེ་ཡང་ཇི་ནི་ཝར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཁང་མདུན་དུ་བོད་རིགས་ ༣༥༠ ཙམ་གྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བློ་འཚབ་ཀྱི་རྣམ་པ་སྟོན་ཆེད་འདུ་འཛོམས་གནང་ཡོད། སྐབས་དེར་ཇི་ནི་ཝ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པའམ་གྲོས་ཚོགས་ཀྱི་འཐུས་མི་ལྗང་ཁུ་ཚོགས་པའི་ཚོགས་མི་ལྕམ་སྐུ་ཨེན་མ་ཧ་རར་(Mrs.Ann Mahrer) མཆོག་དང། སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རི་ནེ་ལོང་གྷེཊ་(Mr. Rene Longet)ལགས། བསྟན་འཛིན་བསམ་འཕེལ་ལགས་བཅས་ཀྱིས་འདུ་འཛོམས་དེའི་ཐོག་གསུང་བཤད་གནང་ཡོད། དེ་ནས་སུད་སིའི་གཞས་མ་གྲགས་ཅན་ནུབ་ཡས་བོད་དོན་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་གླུ་གཞས་ཀྱང་བཏང་ཡོད་པ་མ་ཟད། རི་ཀོན་དགོན་པའི་དགེ་འདུན་པ་རྣམས་ནས་སྨོན་ལམ་གསུང་འདོན་གནང་ཡོད། སྤྱིར་བོད་ནང་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་པ་དང། བོད་མདོ་སྨད་རྔ་པ་ཁུལ་ནས་ཡིན་པའི་བུད་མེད་རང་ལོ་ ༤༥ ཡིན་པའི་ཆོས་ཁོ་དང། རང་ལོ་ ༣༥ ཡིན་པའི་གསེར་སྐྱིད་གཉིས་ལ་བཙོན་ཁང་ནང་བཙན་དབང་ཐོག་མགོ་བོའི་སྐྲ་བཞར་ཡོད་པ་མ་ཟད། ཁོང་གཉིས་ཉིན་གྲངས་ ༥༥ རིང་བཀག་ཉར་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བར་བརྟེན་ཁོང་གཉིས་རིག་འཚོ་མ་ཟིན་པ་ལྟ་བུའི་གནས་སུ་གྱུར་ཡོད། དེ་བཞིན་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གི་དྲག་དཔུང་ལ་ངོ་རྒོལ་བྱས་པར་བརྟེན། ཀིརྟི་དགོན་པའི་དགེ་འདུན་པ་ལོ་གྲངས་ ༡༨ ནས་ ༤༠ བར་ཡིན་པ་གྲངས་ ༣༠༠ ལྷག་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ་བཅས།།
སུད་སི་དང་ཉེ་འཁོར་བོད་རིགས་ཚོགས་པས་མཉམ་སྦྲེལ་རྒྱལ་ཚོགས་ལ་བོད་ནང་སྐུ་ཚབ་གཏོང་དགོས་པའི་འབོད་སྐུལ་ཞུས་པ།
གསར་གནས།
འབྲེལ་གནས།