༢༠༡༡ ཟླ་ ༦ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༨ ཉིན་བཏང་གནས་ནང་འཁོད་དོན། རྔ་པ་རྫོང་ཆོས་རྗེ་མ་ཞང་གི་ཆོས་རྗེ་མ་སྡེ་བའི་རྒྱ་མཚོ་ (གདོང་ཤོ)། རང་ལོ་ ༦༣ ཙམ་ཡིན་པ་ཁོང་ཟླ་ ༤ ཚེས་ ༢༧ ཡས་མས་སུ་འཛིན་བཟུང་གིས་ད་ལྟ་མུ་མཐུད་བཀག་ཉར་གནས་མུས་ཡིན་འདུག ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་ནི་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༢ ནས་ཚེས་ ༢༢ བར་ཉིན་མཚན་གཉིས་ཀར་རྔ་པ་མི་མང་གིས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་འཛིན་བཟུང་བྱས་་མི་ཆོག་པའི་རྣམ་འགྱུར་བསྟན་ནས་དྲག་དཔུང་གི་གདོང་ལ་ལངས་འདུག
ཉིན་དེ་དག་གི་རིང་རྒྱ་གཞུང་གིས་ཞི་དྲག་སྣ་ཚོགས་ཀྱིས་མི་མང་རྣམས་རང་གནས་སུ་འགྲོ་དགོས་པའི་སྐུལ་མ་བཏང་ཡང་གཏན་ནས་འགྲོ་འཇུག་ཐུབ་མེད་སྟབས། རྒྱ་མཚོས་རྫོང་སྲིད་གཞུང་ལ་བརྗོད་དོན། གལ་སྲིད་དངོས་གནས་དགེ་འདུན་པ་རྣམས་འཛིན་བཟུང་བྱེད་རྒྱུ་མིན་ན་ཁག་ཐེག་ཡི་གེ་བྲིས་དང་མི་མང་རྣམས་རང་གནས་སུ་འགྲོ་འཇུག་རྒྱུའི་འགན་ངས་ལེན་ཐུབ་ཅེས་བཤད་མོད། རྒྱ་གཞུང་ལ་འཆར་གཞི་ཡོད་པས་ཡི་གེ་ག་ལ་འབྲི། ཉིན་ཤས་རྗེས་རྔ་པ་རྫོང་ཉེན་རྟོག་མི་སྣས་ཁོང་རྨ་ཆུ་རྫོང་ཐོག་ནས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག ཁོང་འཛིན་བཟུང་བཀག་ཉར་བྱས་པ་ནས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་གྱི་གནས་ཚུལ་ཡང་གསལ་པོ་འབྲེལ་ཡོད་ཚོས་ཤེས་རྟོགས་ཐུབ་ཀྱི་མི་འདུག ཁོང་གི་ཤུལ་དུ་བཟའ་ཟླ་མ་གཏོགས་ནང་མི་གཞན་གང་ཡང་མེད་པ་རེད།
འདི་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་རྔ་པ་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་དང་རྔ་པ་ཁུལ་ཆོས་ལུགས་ལས་ཁུངས་གཉིས་ཀྱིས་རྐང་འགན་ཁུར་ནས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཐོ་འགོད་བྱས་ཡོད་འདུག་ལ། ཉིན་དེར་ཐོ་གཞུང་དུ་མ་ཐེབས་པ་རྣམས་དེ་ནས་བཟུང་དགོན་པའི་སྒྲིག་ཁོངས་ནས་བཙན་དབང་གིས་ཕྱིར་འབུད་བཏང་བ་ཡིན་ཚུལ་སྒྲོག་གིན་ཡོད་འདུག ཉིན་དེར་ཐོ་འགོད་བྱས་ཡོད་པའི་དགེ་འདུན་པ་ ༡༢༠༠ ནས་ ༡༣༠༠ བར་ཡིན་འདུག་པས་འདི་གཞིར་བཞག་བྱས་ན་དགེ་འདུན་པ་ ༡༢༠༠ ལྷག་དགོན་པ་ནས་ཕྱིར་འབུད་བཏང་འདུག དེང་སྐབས་དགོན་པའི་ནང་དགེ་འདུན་པ་སྐོར་ཞིག་གི་མིང་སོགས་ཡིག་ཐོག་ནས་གསལ་བསྒྲགས་བྱས་ཏེ་དགོན་པའི་ནང་ནས་འགྲོ་དགོས་ཚུལ་དང་།
ཁོང་རྣམས་ཀྱི་གྲྭ་ཤག་རྒྱ་གཞུང་གིས་རྩིས་ལེན་བྱེད་རྒྱུ་ཡིན་ཚུལ་སོགས་བརྗོད་ཀྱིན་ཡོད་ཀྱང་། དགེ་འདུན་པ་རྣམས་ཀྱིས་ངོས་ལེན་མ་གནང་བར་དགོན་པའི་ནང་ཨུ་ཚུགས་ཀྱིས་བསྡད་ཡོད། རྒྱ་གཞུང་གིས་ཉེན་རྟོག་པ་འཁྲིད་ནས་མ་ཡོང་སྔོན་དུ་རང་འགུལ་གྱིས་སོང་ན་བརྗོད་རྒྱུ་གང་ཡང་མེད། འོན་ཀྱང་ཉེན་རྟོག་པ་སླེབས་དུས་འགྲོ་ས་བཙོན་ཁང་མ་གཏོགས་མེད་ཚུལ་སོགས་བརྗོད་ནས་འཇིགས་སྐུལ་ཡང་ཡང་བྱེད་བཞིན་ཡོད་འདུག
གོང་གསལ་གྱི་དགེ་འདུན་པ་རྣམས་དགོན་པའི་ནང་ནས་ཕྱིར་འབུད་བཏང་བ་ཡིན་ཚུལ་གྱི་ཡི་གེའི་ཐོག་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་མིང་དང་ཐེལ་ཙེ་རྫུན་མ་བརྒྱབ་ནས་དགོན་པའི་ཆོས་ལུགས་དོ་དམ་ཁང་གིས་ཕྱིར་འབུད་བཏང་བ་ཡིན་ཚུལ་སྒྲོག་བཞིན་ཡོད་འདུག་པ་སོགས་ད་ལྟའི་ཆར་དགེ་འདུན་པ་རྣམས་ཀྱི་ལུས་སེམས་གཉིས་ཀར་བཙན་གནོན་འོག་གནས་ཡོད་པ་བཅས།།
རྔ་པ་རྐིཏི་དགོན་གྱི་དགེ་འདུན་པ་ ༡༢༠༠ ལྷག་དགོན་པ་ནས་ཕྱིར་འབུད་བཏང་བ།
གསར་གནས།
འབྲེལ་གནས།