༢༠༡༡ ཟླ་ ༦ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༤ ཉིན་འབྱོར་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་གཅིག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་སྲོག་བློས་བཏང་གིས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་ཐོག་གསལ་སྟོན་བྱས་ཡོད་ལ། སྐབས་དེར་རྔ་པ་རྫོང་མཁར་དུ་ཡོད་པའི་བོད་མི་རྣམས་ནས་ཀྱང་རང་ཉིད་ཀྱི་མངོན་འདོད་གསལ་བརྗོད་ཡོད་པ་མ་ཟད། ད་ལྟའི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འདོད་པ་མེད་པའི་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྐྱེན་དེ་ལ་བརྟེན་ནས་ཕྱི་ཟླ་ ༣ ཚེས་ ༢༠ ཡས་མས་སུ་རྔ་པ་རྫོང་སྤྲོ་ཚིགས་ཞང་ཀ་ཉག་སྡེ་བའི་བར་མ་ཚང་གི་དཔལ་འབྱོར། རང་ལོ་ ༣༨ ཡིན་པ་ཁོང་འཛིན་བཟུང་གིས་བཀག་ཉར་བྱས་ཡོད། ཁོང་ནི་གསུམ་པའི་བཅུ་དྲུག་གི་མི་མང་ཡར་ལངས་སྐབས་མཉམ་ཞུགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག ཁོང་གི་ཕ་མིང་ལ་རྒྱ་མཚོ་ཞུ་བ་སྔ་མོ་ནས་འདས་ཟིན། མ་མིང་ལ་སྒྲོན་མཚོ་ཞུ་བ་སྙིང་གི་ན་ཚ་ཡོད་སྟབས་ཁོང་འཛིན་བཟུང་བྱས་ནས་ཟླ་བ་གསུམ་ལྷག་སོང་ཡང་ཁོང་འཛིན་བཟུང་བྱས་པའི་སྐོར་གསང་བ་བྱས་ཏེ་ཤེས་སུ་བཅུག་མི་འདུག དེ་བཞིན་ཁོང་གི་ཁྱིམ་དུ་བཟའ་ཟླ་དང་བུ་ཕྲུག་གཉིས་བཅས་ནང་མི་གསུམ་ཡོད།
དེང་སྐབས་རྔ་པ་ཀིརྟི་དགོན་པའི་མཐའ་ཚང་མ་སྔར་བཞིན་དམག་མིས་བསྐོར་ནས་ཕྱི་ནང་གི་འགྲོ་འོང་བཀག་སྡོམ་བྱེད་མུས་ཡིན་པ་མ་ཟད། ནང་དུ་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་མུ་མཐུད་སྤེལ་མུས་ཡིན་པ་དང། རྒྱ་གཞུང་གི་ལས་བྱེད་པ་བཞི་བརྒྱ་ཡས་མས་རྒྱུན་དུ་དགོན་པའི་ནང་སྡོད་མུས་ཡིན་འདུག དེ་མིན་ཉེན་རྟོག་པ་དང་དམག་མི། དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དགེ་འདུན་པ་རྣམ་པའི་ཉིན་མཚན་དུས་དྲུག་གི་འགྲོ་འདུག་སྤྱོད་གསུམ་ལ་དངོས་སུ་བྱ་ར་བྱེད་བཞིན་ཡོད་པ་མ་ཟད། བརྙན་ཕབ་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་རིགས་དགོན་པའི་ཕྱོགས་ཚང་མར་བཀལ་ཏེ་དགེ་འདུན་པ་རྣམས་ལ་སུན་གཙེར་བཟོ་མུས་ཡིན་འདུག མཚམས་རེ་དགེ་འདུན་པ་རེ་ཟུང་ཁྲོམ་སོགས་ལ་གཏོང་གི་ཡོད་ཀྱང་འགན་ལེན་པ་ཡིན་ཟེར་བའི་ལས་བྱེད་པ་རེས་རྗེས་འདེད་བྱེད་བཞིན་འགྲོ་གི་ཡོད་འདུག དེང་སྐབས་བོད་ཟླ་བཞི་པ་ནི་རྒྱུན་ལྡན་གྱི་དགོན་པའི་ཆོས་མཚམས་ཆེན་མོ་ཡིན་ཞིང་། སྐབས་དེར་འབྲོག་ཕྱོགས་ཀྱི་སྡེ་བ་མང་པོས་སྤྱི་སྒེར་གྱི་ཞབས་བརྟན་ཁག་བསྒྲུབ་རྒྱུ་སོགས་ལ་དགེ་འདུན་པ་རྣམས་ཕེབས་རྒྱུའི་རེ་བ་ཆེན་པོ་བྱས་དང་བྱེད་མུས་ཡིན་ཡང་རྒྱ་གཞུང་གིས་བསམ་ཤེས་གཏན་ནས་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག་པ་བཅས།