༢༠༡༡ ཟླ་ ༦ ཚེས་ ༧ རེས་གཟའ་མིག་དམར།
༄༅།། འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཀན་བྷེ་རར་རྒྱ་ནག་ངལ་སྩོལ་ཚོགས་པ་དང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ནང་རྟེན་གཞི་བྱས་པའི་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་ཐོག (Canberra University) ཀན་བྷེ་རའི་གཙུག་ལག་སློབ་གྲྭའི་ནང་བཙན་བྱོལ་བོད་གཞུང་གི་མང་གཙོའི་འཕེལ་རིམ་དང་རྒྱ་ནག་ནང་གི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་ཡོད་པ་དེར་གྲོང་ཁྱེར་སི་ཌི་ནི་དང་ཀན་བྷེ་རའི་མཐོ་རིམ་སློབ་གྲྭའི་རྒྱ་རིགས་མཁས་དབང་དང་དགེ་རྒན་ཆེན་མོ་བ། རྒྱུ་སྩལ་བ། གསར་འགོད་པ། མང་གཙོ་དོན་གཉེར་བ། བོད་གཞུང་སྐུ་ཚབ་དོན་གཅོད་དང་དྲུང་ཆེ། རྒྱ་རིགས་འབྲེལ་མཐུད་པ། དེ་བཞིན་བོད་མི་གཞན་སོགས་རྒྱ་བོད་མི་གྲངས་ ༢༠ ལྷག་ཚོགས་བཞུགས་གནང་ཡོད།
སྐུ་ཚབ་དོན་གཅོད་ཀྱིས་ཚོགས་བཅར་བ་རྣམས་ལ་བོད་གཞུང་གི་མང་གཙོའ་འཕེལ་རིམ་དང་༸གོང་ས་མཆོག་གིས་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གསུང་འཕྲིན་གྱི་ལམ་ནས་བཅའ་ཁྲིམས་ཀྱི་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱེད་དགོས་པའི་ལམ་སྟོན་ཕེབས་ཏེ། མགོན་པོ་གང་ཉིད་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་ཀྱིས་ཐག་གཅོད་མཛད་ཟིན་པའི་བརྒྱུད་རིམ་བཅས་ངོ་སྤྲོད་ཁ་གསལ་གནང་བར་རྒྱ་རིགས་རྣམས་ཀྱིས་དོ་སྣང་ཆེན་པོ་གནང་ཡོད།
བགྲོ་གླེང་ཚོགས་འདུའི་ནང་སི་ཌི་ནིའི་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ (Mrs.Melleech) མེལ་ལི་ཆིས་དང་། སི་ཌི་ནིའི་ཚན་རིག་ལག་སྩལ་སློབ་གྲྭ་ཆེན་མོའི་ མཁས་དབང་ (Dr.Feng Chong Yi) ཕེང་ཅོང་ཡིས། (Australia’s national university) ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་མཁས་དབང་སྐུ་ཞབས་ (Dr.Panjia Zhong) ཕན་ཅི་ཀྲུང་དང། རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Pan Qing) ཕན་ཆིན།
བོད་རིགས་རྩོམ་པ་པོ་གནམ་ལོ་ཡག་སོགས་ནས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་ཁོར་ཡུག རྒྱ་ནག་ནང་གི་མང་གཙོའི་གནས་སྟངས་སོགས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། ཐེངས་འདིའི་བགྲོ་གླེང་ཐོག་རྒྱ་རིགས་རྣམས་ནས་དམིགས་བསལ་༸གོང་ས་མཆོག་ལ་གུས་བསུའི་འཕྲིན་ཡིག་ཞིག་འཕུལ་བའི་ནང་། མགོན་པོ་གང་ཉིད་མཆོག་གིས་དུས་རྟག་ཏུ་འཇིག་རྟེན་པའི་ཆབ་སྲིད་ཀྱི་དབང་ཆ་དེ་དོར་དགོས་པ་དང་བོད་ཀྱི་སྲོལ་རྒྱུན་གྱི་ཆོས་སྲིད་ཟུང་སྦྲེལ་ཐ་དད་དབྱེ་དགོས་པའི་བཀའ་ཕེབས་པ་ལྟར་ད་ཆ་༸མགོན་པོ་གང་ཉིད་མཆོག་གིས་ལག་ལེན་དངོས་སུ་མཛད་དེ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐད་རླབས་ཆེན་གྱི་གསར་གཏོད་ཅིག་མཛད་པར་གྲུབ་འབྲས་ཐོབ་ཡོད། འཕྲིན་ཡིག་ནང་ད་དུང་ཕྱི་ལོ་ ༡༩༦༣ ལོའི་ཟླ་ ༣ ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་བོད་ཀྱི་མང་གཙོའི་བཅའ་ཁྲིམས་གཏན་འབེབས་མཛད་རྗེས་བཙན་བྱོལ་བོད་གཞུང་གི་མང་གཙོའི་བཅོས་བསྒྱུར་དབུ་འཛུགས་བསྐྱངས་ཡོད།
དུས་རབས་ཕྱེད་ཀའི་རིང་གི་འབད་བརྩོན་ལྷོད་མེད་འཕྲོད། བཙན་བྱོལ་བོད་གཞུང་ནི་ད་ཆ་ཆོས་སྲིད་ཐ་དད་དུ་བསྐྱོད་རྒྱུའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་བྱུང་བ་དེས། བོད་མིའི་མང་གཙོའི་བཅོས་བསྒྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་མ་ཟད། རྒྱ་ནག་ནང་གི་མང་གཙོའི་བཅོས་བསྒྱུར་ཐད་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན། བཙན་བྱོལ་བོད་གཞུང་གི་མང་གཙོའི་བཅོས་བསྒྱུར་དེས་རྒྱ་ནག་ནང་མང་གཙོ་རྩོད་ལེན་གནང་བཞིན་པའི་མི་མང་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། རྒྱ་ནག་དེ་ཞིང་མང་གཙོར་བསྐྱོད་ཚེ་བོད་ཀྱི་མང་གཙོའི་བཅོས་བསྒྱུར་དེ་བཞིན་སྲ་བརྟན་དུ་གཏོང་བ་དང་དར་རྒྱས་གོང་འཕེལ་འཕྲོད། འགྲོ་བ་མིའི་རིགས་ཀྱི་ཡར་རྒྱས་ཆེད་རླབས་ཆེན་གྱི་བྱས་རྗེས་ཀྱང་འཇོག་རྒྱུ་རེད།
མགོན་པོ་གང་ཉིད་མཆོག་ནི་ཇི་སྲིད་བར་ང་ཚོ་རྒྱ་བོད་མི་རིགས་དང་སྤྱིར་འཛམ་གླིང་མི་མང་གི་སློབ་དཔོན་ཞིག་ཡིན་ལ། སྐུ་ཉི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་རྒྱུ་དེ་ནི་ང་ཚོའི་བདེ་སྐྱིད་ཆེ་ཤོས་ཤིག་ཡིན། ཞེས་འཕྲིན་ཡིག་ནང་འཁོད་འདུག
བཙན་བྱོལ་བོད་གཞུང་གི་མང་གཙོའི་བཅོས་བསྒྱུར་དང་རྒྱ་ནག་ནང་གི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཚོགས་པ།
གསར་གནས།
འབྲེལ་གནས།