༢༠༡༡ ཟླ་ ༦ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅།། འདི་གར་བཀའ་ཤག་ནས་ ༢༠༡༡ ཕྱི་ཟླ་ ༦ ཚེས་ ༡༨ ཉིན་བཅད་ཁྲ་བཏང་གནས་ནང་འཁོད་དོན། སོ་ལན་བོན་གཞིར་ཤིང་འབྲས་སེ་འབྲུ་འདེབས་འཛུགས་ལས་འཆར་ས་གནས་སུ་ཇི་བཞིན་ལག་བསྟར་མ་བྱུང་བའི་གནས་དོན་ཞིབ་འཇུག་ཆེད་བཀའ་ཤག་གིས་ཆེད་འཛུགས་ཞིབ་འཇུག་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འབྲེལ་བའི་བཅད་ཁྲ།
དང་པོ། ངོ་སྤྲོད།
སོ་ལན་བོན་གཞིས་ས་གནས་མང་ཚོགས་ནས་འོས་འདེམས་བྱུང་བའི་ས་གནས་འགོ་འཛིན་ཟུར་པ་གཙོ་མཆོག་བསྟན་འཛིན་གྱི་ལས་ཡུན་སྐབས་བོན་གཞིར་སེ་འབྲུ་དང་ཤིང་འབྲས་སྣ་ཚོགས་འདེབས་འཛུགས་གནང་རྒྱུའི་ལས་འཆར་འབྱོར་ཁོངས་ནས་སེ་འབྲུ་འདེབས་འཛུགས་ཆེད་འབྲེལ་ཡོད་ནང་སྲིད་ལས་ཁུངས་ནས་རོགས་དངུལ་སྒོར་བདུན་ཁྲི་བཀའ་འཁྲོལ་བསྩལ་བ་བཞིན་ ༢༠༠༧ ཕྱི་ཟླ་ ༩ ཚེས་ ༡༤ འཁོད་ཌབ་འཛིན་ཨང་ ༡༦༤༣༨༦ བརྒྱུད་དངུལ་འབོར་ཆ་ཚང་བཏང་འདུག་པ་མ་ཟད། ས་གནས་ནས་ཀྱང་ལས་འཆར་ལག་བསྟར་ཞུས་པའི་རྩིས་ཁྲ་དང་བྱུང་འཛིན་བཅས་པའི་མཐའ་མའི་ལས་བསྡོམས་ ༢༠༠༨ ཕྱི་ཟླ་ ༤ ཚེས་ ༡ ཉིན་ནང་སྲིད་ལས་ཁུངས་སུ་དུས་འབུལ་བྱུང་འདུག་ནའང་། ས་གནས་སུ་ཤིང་འབྲས་སྡོང་པོ་རྐང་གཅིག་ཀྱང་མ་བཙུགས་པའི་གནས་ལུགས་གསན་ཐོས་བྱུང་བར་བརྟེན། དངོས་ཡོད་གནས་སྟངས་ཞིབ་འཇུག་ཆེད་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་དང་། བཀའ་ཡིག་དྲུང་ལས་རྣམ་རྒྱལ། ནང་སྲིད་སྡེ་འགན་ཐུབ་བསྟན་ཚེ་རིང་བཅས་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོའི་ནང་ས་གནས་འགོ་འཛིན་ཟུར་པ་གཙོ་མཆོག་བསྟན་འཛིན་ནས་བྱུང་འཛིན་དང་སོང་ཁྲ་རྫུན་བཟོས་བྱས་ཏེ་ནང་སྲིད་ལས་ཁུངས་ལ་དབུ་བསྐོར་དང་སྤྱི་རྫས་སྒེར་ཟོས། མི་མང་ལ་གྱོང་གུན་བཏང་བ་ར་སྤྲོད་གསལ་པོ་བྱུང་བའི་ཐོག དོ་བདག་ནས་ལས་འཆར་གྱི་དངུལ་འབབ་ཁོང་པར་འཐིམ་ལུགས་ཁས་ལེན་ཞུས་པ་མ་ཟད། གང་མྱུར་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་རྩིས་གཙང་ཞུ་ཆོག་ཞུས་པ་དང་། བཀའ་ཤག་ནས་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༣༠ ནང་ཚུད་རྩིས་གཙང་མ་བྱུང་ཚེ་ས་གནས་ཉེས་རྟོག་པར་རྩིས་སྤྲོད་གནང་རྒྱུའི་བརྡ་ཁྱབ་གནང་བར་བརྟེན་ཕྱི་ཟླ་ ༤ ཚེས་ ༢༩ ལ་དངུལ་འབོར་ཆ་ཚང་ས་གནས་འགོ་འཛིན་ལས་ཁུངས་སུ་རྩིས་འབུལ་བྱུང་འདུག་ཀྱང་། རྒྱ་ཆེ་མང་ཚོགས་ནས་ཐུགས་རེ་ཆེན་པོས་ས་གནས་འགོ་འཛིན་དུ་འོས་འདེམས་གནང་བའི་གང་ཟག་ཤིག་གིས་ཁྲིམས་དང་སྒྲིག་གཞི་བཟང་སྤྱོད་གང་ལའང་མ་ལྟོས་པའི་བྱ་སྤྱོད་དེ་བཞིན་ཤིན་ཏུ་མ་འོས་པ་དང་མ་མཚམས་པས་ཐག་གཅོད་བཅད་ཁྲ་འདི་བཏང་བ་ཡིན།
གཉིས་པ། ཉེས་འཛུགས།
༡༽བོན་གཞིས་མང་ཚོགས་ནས་ཡིད་ཆེས་བློ་གཏད་ཀྱིས་ས་གནས་འགོ་འཛིན་དུ་འོས་འདེམས་ཞུས་ཀྱང་། གཙོ་མཆོག་བསྟན་འཛིན་ནས་མི་མང་གི་བདེ་སྡུག་བལྟ་སྐྱོང་བྱ་རྒྱུ་བཞག་སྟེ་གཞུང་ནས་གནང་བའི་རོགས་དངུལ་སྒོར་ ༧༠ ༠༠༠། ༠༠ སྒེར་སྤྱོད་བྱས་པ།
༢༽སྤྱི་དངུལ་སྒེར་སྤྱོད་བྱེད་པའི་རྩིས་ཁྲ་རྫུན་མ་བཟོས་ཏེ་ནང་སྲིད་ལས་ཁུངས་ལ་ཕུལ་བ།
གསུམ་པ། བཀའ་བཅད།
གོང་གསལ་ཉེས་འཛུགས་དེ་དག་ར་འཕྲོད་བྱུང་འདུག་པ་ཁྲིམས་དང་སྒྲིག་གཞི་ཡོངས་སུ་འགལ་འཛོལ་དུ་གྱུར་བའི་ཐ་ཤལ་ཅན་གྱི་བྱ་སྤྱོད་ཅིག་ལ་སོང་། འབྱུང་འགྱུར་གཞུང་འབྲེལ་འོས་བསྡུའི་ལས་རིམ་ཁག་གི་འོས་གཞིར་ཞུགས་རྒྱུ་དང་ལས་བྱེད་དུ་ཞུགས་རྒྱུའི་ཆ་རྐྱེན་མ་ཚང་བར་ངོས་འཛིན་གནང་སྐྱོང་ཡོང་བའི་དབུས་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་རྒྱབ་གཉེར་བྱ་རྒྱུ། དེ་བཞིན་ནང་སྲིད་ལས་ཁུངས་ནས་ལས་གཞི་ལག་བསྟར་ཇི་བྱས་ལ་དུས་ཐོག་དཔྱད་ཞིབ་མ་གནང་བས་ལས་དོན་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་གྱིས། སླད་ཕྱིན་ལས་གཞི་མཇུག་བསྒྲིལ་ཁག་ས་གནས་སུ་ཞིབ་འཇུག་ངེས་པར་དགོས་པའི་ཐག་གཅོད་བཅད་ཁྲར།།