༢༠༡༡ ཟླ་ ༦ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ་དབང་གིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༦ ཚེས་ ༡༥ དང་། ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ། སྟོན་པ་ཐུབ་པའི་དབང་པོ་ལྷུམས་སུ་ཞུགས་པ་སོགས་དུས་ཆེེན་གསུམ་འཛོམས་ཀྱི་ཉིན་མོར་ཆོས་ལྡན་བོད་མི་རྣམས་ཀྱིས། རྣམ་དཀར་དགེ་སྦྱོང་ལ་ཤིན་ཏུ་བརྩོན་པའི་དུས་ཚིགས་དེར། མདོ་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་ཁོངས་བཀྲ་ཤིས་དར་རྒྱས་དགོན་གྱི་དགེ་འདུན་པ་རང་ལོ་ ༣༧ ཡིན་པ་ངག་དབང་བློ་བཟང་གིས་སངས་རྒྱས་ཀྱི་བསྟན་པ་དང་། བོད་སྤྱིའི་རང་དབང་གི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གིས། དཀར་མཛེས་རྫོང་ཐོག་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་མི་མང་འདུ་འཛོམས་ཆེ་བའི་སར་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་པའི་ཡིི་གེ་མང་པོ་བཀྲམ་ཡོད་པ་མ་ཟད། ཁྲོམ་གཞུང་དུ་པུས་མོ་ས་ལ་བཙུགས་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས། ཞེས་སྐད་ཤུགས་ཆེན་པོས་འབོད་ཚིག་བསྒྲགས་པར་བརྟེན། རྒྱ་མིའི་སྐོར་སྲུང་བ་དུས་རྒྱུན་དུ་ཁྱི་སྤྱང་བཞིན་གང་སར་ཉུལ་བཞིན་ཡོད་སྟབས་ལམ་སེང་ལྕགས་རྒྱུག་གིས་ས་རྡོ་རྡུང་བ་ལྟར་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག ད་ལྟའི་ཆར་གནས་ཚུལ་གསལ་ཁ་མ་ཤེས་ཀྱང་ཁོང་གིས་བོད་ཚེས་བཅུ་བཞི་སྟེ། སྔ་ཉིན་དེར་དཀར་མཛེས་རྫོང་དུ་ཕྱིན་ཏེ། རྒྱ་སྒོར་ ༨༠༠ ཙམ་གྱིས་༸གོང་ས་མཆོག་གི་སྐུ་པར་མང་པོ་པར་སྐྲུན་ཞུས་ནས་རང་ཤག་ཏུ་སྒྲིག་ཤོམ་གནང་ཡོད། དེ་བཞིན་དགེ་འདུན་པ་རྣམས་ལ་ཞོགས་ཚོགས་སྐབས་སུ་སྐུ་འགྱེད་ཕུལ་བ་དང་། ཚོགས་འདབས་ནས་གསོལ་འདེབས་སྨོན་ལམ་ཤུགས་དྲག་འདེབས་ཚུལ་གྲྭ་གྲོགས་རྣམས་ཀྱིས་མཐོང་འདུག སྐབས་དེར་ཁོང་གིས་གྲྭ་གྲོགས་ཤིག་ལ་ངའི་བྱ་བ་ལམ་འགྲོ་ཡོང་བའི་ཆེད་དུ་ཡིན་ཞེས་གསུངས་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༡ ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་ ༤ པ་ཙམ་ཞིག་ལ།
དཀར་མཛེས་རྫོང་། ཁང་དམར་དགོན་གྱི་དགེ་འདུན་པ་སངས་རིན་ཆེན་གྱིས་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཟེར་བ་སོགས་སྐད་འབོད་བརྒྱབ་ཡོད་ཀྱང་།
དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་ཉེས་རྡུང་ཚད་མེད་གཏོང་བཞིན་རླངས་འཁོར་ནང་བཅུག་སྟེ་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ཟླ་ ༦ ཚེས་ ༡༢ ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་བཞི་དང་ཕྱེད་ཙམ་ལ། ལྷ་སྐྱིད་ཚང་བུ་མོ་བསྟན་འཛིན་ལྷ་མཚོ་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ང་ཚོ་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས། ཞེས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་ཡོད།
བསྟན་འཛིན་ལྷ་མཚོ་ནི། སྐྱེས་ཡུལ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་། ཐིང་ཁ་ཤང་། ལྷ་སྐྱིད་གྲོང་། ༼ཁྱིམ་མིང་ལྷ་སྐྱིད་ཚང་༽ ཕ་རྡོ་རྗེ་བདུད་འདུལ་དང་། མ་དབང་མོ་གཉིས་སུ་ཕྱི་ལོ་ ༡༩༨༤ ལོར་སྐྱེས་ཤིང་། ད་ལྟར་རང་ལོ་ ༢༧ ཡིན་འདུག
ཕྱི་ཟླ་ ༦ ཚེས་ ༡༣ ཉིན་དཀར་མཛེས་རྫོང་ཁོངས། དགེ་མ་བྲག་དགོན་གྱི་བཙུན་མ། རྣམ་རྒྱལ་ལྷ་མོ་དང་། བཀྲ་ཤིས་ཆོས་སྒྲོན་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པས་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་ཡོད། ཕྱི་ཟླ་ ༦ ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཁོངས། དགེ་མ་བྲག་དགོན་གྱི་བཙུན་མ། བྱམས་པ་ཆོས་སྒྲོན་དང་། ཞེ་ལྷ་མོ། དབྱངས་ཅན་གསུམ་གྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་བའི་ངོ་རྒོལ་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག
མདོར་ན་བོད་ཀྱི་ས་ཕྱོགས་གང་སར་བོད་མི་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་བཞིན་པར་རྒྱ་ནག་གཞུང་ཕྱོགས་ནས་སུན་གཙེར་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད་པ་མ་ཟད། མང་དག་ཅིག་འཛིན་བཟུང་བཙོན་འཇུག་བྱས་ཏེ་མནར་གཅོད་ཚ་ནན་གཏོང་བཞིན་པ་སོགས་ཛ་དྲག་གི་གནས་སུ་ལྷུང་ཡོད། དཔེར་ན། ཁམས་དཀར་མཛེས་རྫོང་ཁོ་ནར་འདི་ལོ་ཕྱི་ཟླ་ ༦ པའི་ཚེས་ ༦ ནས་ད་བར་ཉིན་བཅུ་ཙམ་གྱི་རིང་འཛིན་བཟུང་བཙོན་འཇུག་བྱས་པ་འདི་ནས་ཤེས་གསལ་བྱུང་བ་མི་གྲངས་ ༢༠ ལྷག་དང་།
ད་དུང་དཀར་མཛེས་སྤྱི་བདེ་ལས་ཁུངས་ནས་དཀར་མཛེས་སུ་ཡོད་པའི་དགོན་པ་ཁག་ལ་དགེ་བཙུན་སུ་ཡིན་ཡང་གྲོང་ཁྱེར་ནང་། གང་བྱུང་འགྲོ་འོང་མི་ཆོག་པ་དང་། གལ་སྲིད་ན་ཚ་ཕོག་ནས་འགྲོ་དགོས་བྱུང་བ་ཡིན་ཚེ་ས་གནས་དང་ཤང་གི་འགོ་ཁྲིད་བརྒྱུད་ཡི་གེ་བླངས་ཏེ་ཁག་ཐེག་ཁུར་མཁན་ལས་བྱེད་མི་སྣ་གཅིག་མཉམ་དུ་མ་ཡོང་ན་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་ཤོད་བཞིན་ཡོད་པ་བཅས།།