༄༅། །འདི་གར་སེར་བྱེས་ཏྲེ་ཧོར་དགེ་འདུན་དཀར་མཛེས་པདྨ་ཚེ་དབང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༦ པའི་ཚེས་ ༢༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༦ པའི་ཚེས་ ༡༨ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་དྲུག་པ་ཙམ་ཞིག་ལ་ཁམས་དཀར་མཛེས་ཉ་རྒྱས་དགོན་གྱི་བཙུན་མ་བློ་བཟང་དབྱངས་མཚོ་དང་། བློ་བཟང་མཁའ་འགྲོ། འཕྲིན་ལས་སྒྲོལ་མ་གསུམ་གྱིས་དཀར་མཛེས་རྫོང་ཐོག་ཏུ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། བོད་ནང་ཆོས་དད་རང་དབང་དགོས་ཞེས་སོགས། སྐད་ཤུགས་ཆེན་པོས་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་ལྷན་ཡིག་ཆ་མང་པོ་གཏོར་འགྲེམས་བྱས་འདུག འོན་ཀྱང་ཁོང་གསུམ་གྱིས་འགྲེམས་གཏོར་བྱས་པའི་ཡིག་ཆ་ནང་དོན་གང་ཡིན་གསལ་ཁ་མ་ཤེས་ཀྱང་དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གསུམ་ལ་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག
གོང་དུ་འཁོད་པའི་བཙུན་མ་གསུམ་ནི། ༡༽ རང་ལོ་ ༢༦ ཡིན་པ་བཙུན་མ་བློ་བཟང་དབྱངས་མཚོ་ལགས་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། དར་རྒྱས་འདན་མ་ཤང་། གླང་ཕྱུག་གྲོང་། ཕ་བློ་དབྱངས་དང་། མ་ཡ་མ་ལྷ་མོ་གཉིས་སུ་སྐྱེས་འདུག ༢༽ བཙུན་མ་བློ་བཟང་མཁའ་འགྲོ་ལགས་ནི། དཀར་མཛེས་རྫོང་། གོང་ལུང་ཤང་། རུ་ཁག་ལྔ་པ། གཤོང་རིང་མདོ། ཕ་བྱམས་པ་རྒྱ་མཚོ་དང་། མ་བུ་མོ་མཚོ་གཉིས་ལ་སྐྱེས་ཤིང་། ད་སྐབས་རང་ལོ་༣༤ ཡིན་འདུག ༣༽ བཙུན་མ་འཕྲིན་ལས་སྒྲོལ་མ་ལགས་ནི། དཀར་མཛེས་རྫོང་། གོང་ལུང་ཤང་། རུ་ཁག་དྲུག་པ། ཆུ་ཁམས་གྲོང་། ཕ་བློ་བཟང་བསོད་ནམས་དང་། མ་བདེ་ཆེན་སྒྲོལ་མ་གཉིས་ལ་སྐྱེས་ཤིང་ད་ལྟ་རང་ལོ་ ༣༠ ཡིན་འདུག
ཕྱི་ཟླ་ ༦ པའི་ཚེས་༡༥ ཉིན་དཀར་མཛེས་དགེ་མ་བྲག་དགོན་གྱི་བཙུན་མ། བྱམས་པ་ཆོས་སྒྲོན་ལགས་དང་། ཞེ་ལྷ་མོལགས། དབྱངས་ཅན་ནམ་མཚན་གཞན་བཀྲ་ཤིས་ཚེ་མཚོ་ལགས་གསུམ་གྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཞི་བའི་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་དང་། དམག་མིས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བཙོན་འཇུག་བྱས་འདུག རང་ལོ་ ༣༡ ཡིན་པ་བཙུན་མ་བྱམས་པ་ཆོས་སྒྲོན་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ཐིང་ཁ་ཤང་། ཇོ་ཁང་ནང་ཞེས་པའི་གྲོང་དུ། ཕ་དངོས་གྲུབ་ཕུན་ཚོགས་དང་། མ་ཡ་དགའ་གཉིས་སུ་སྐྱེས། བཙུན་མ་དབྱངས་ཅན་ནམ་མཚན་གཞན་བཀྲ་ཤིས་ཚེ་མཚོ་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། འབྲོག་སྡེ་ཤིག་ཡིན་འདུག ཁོང་གིས་ཕ་བློ་བཟང་སྟོབས་ལྡན་དང་། མ་པད་དབྱངས་གཉིས་སུ་སྐྱེས་པ་དང་། ད་ལྟ་རང་ལོ་ ༢༨ རེད་འདུག
གཞན་ཡང་ཕྱི་ཟླ་ ༦ པའི་ཚེས་ ༦ ནས་ད་བར་ཉིན་གྲངས་ ༢༡ ཙམ་གྱི་རིང་རྒྱ་གཞུང་ཉེན་རྟོག་པས་དཀར་མཛེས་ནས་འཛིན་བཟུང་བཙོན་འཇུག་བྱས་པ་གུས་པས་ཤེས་རྟོགས་བྱུང་བ་མི་གྲངས་ ༢༧ ཡོད། འོན་ཀྱང་ཉེ་ཆར་བོད་ནས་འབྲེལ་ཡོད་བརྒྱུད་ནས་གོ་ཐོས་བྱུང་གསལ་མི་གྲངས་བཞི་བཅུ་ལས་མང་བ་འཛིན་བཟུང་བྱས་འདུག གོང་ཞུས་ཞི་རྒོལ་གྱི་བྱུང་རིམ་ནང་། དགེ་འདུན་པ་ ༩ དང། བཙུན་མ་ ༡༦། མི་སྐྱ་བུད་མེད་ ༢ དང་། དཀར་མཛེས་རྫོང་ཁོངས། དཀར་མཛེས་དགོན་པ། དར་རྒྱས་དགོན་པ། བེ་རི་དགོན་པ། ཁང་དམར་དགོན་པ། རྩིས་ཚང་དགོན་པ། ཉི་མོ་དགེ་ཚུལ་དགོན་པ། ལམ་བྲག་བཙུན་དགོན། དགེ་མ་བྲག་བཙུན་དགོན། ཉ་རྒྱས་བཙུན་དགོན། དགའ་ལྡན་ཆོས་གླིང་བཙུན་དགོན་དང་བཅས་དགོན་ཁག་བརྒྱད་ཙམ་ཡོད་པ་བཅས།།
དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་བྱས་པའི་གནས་ཚུལ་ཁག་གཅིག
གསར་གནས།
འབྲེལ་གནས།