༢༠༡༡ ཟླ་ ༦ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢ རེས་གཟའ་ཕུར་བུའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ པའི་གྲོས་ཚོགས་ཉིན་གཉིས་པའི་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གནད་དོན་དང་འབྲེལ་ནས་བཀའ་ཤག་ལ་གསལ་བཤད་གནང་རྒྱུའི་འབོད་སྐུལ་ཞུས་དོན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་གནད་དོན་དང་འབྲེལ་བའི་ཉེ་ལམ་གསར་ཤོག་དང་རླུང་འཕྲིན། སྤྱི་ཚོགས་ནང་གླེང་གློང་མང་པོ་ཡོང་གི་ཡོད་པ་དང་། ལྷག་པར་མང་ཚོགས་ནང་གསལ་བཤད་བྱ་རྒྱུའི་འགན་འདི་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོར་ཡོད་པའི་ཐོག་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམས་མགྱོགས་མྱུར་བོད་མི་གནས་སྡོད་ས་གནས་ཁག་གི་ནང་འཚམས་གཟིགས་ཕེབས་རྒྱུ་ཡིན་པ་དང་། འཚམས་གཟིགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་མང་ཚོགས་ཀྱི་དྲི་བར་ལན་འདེབས་བྱ་ཕྱོགས་གཅིག་འགྱུར་ཞིག་ཡོང་རྒྱུར་གཙོ་བོར་དམིགས་ཏེ་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་ལ་བཀའ་ཤག་གི་གསལ་བཤད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ཞུས་རྗེས་ དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་གིས་གསལ་བཤད་གནང་དོན།
ད་རེས་བྱུང་རབས་ཀྱི་བསྒྱུར་མཚམས་ཆེན་པོ་ཞིག་གི་སྐབས་ལ་སྐབས་བཅུ་བཞི་པའི་སྤྱི་འཐུས་རྣམ་པ་ཚོའི་ལས་ཡུན་རྫོགས་ལ་ཉེ་བའི་སྐབས་དེར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཕྱག་ལས་ལམ་ལྷོང་ཐོག་གནང་ཐུབ་པ་དེ་གཟི་བརྗིད་ལྡན་པ་དང་དགའ་སྤྲོ་ཞུ་འོས་པ་ཞིག་རེད་བསམ་གྱི་ཡོད། གཞིས་བཞུགས་བོད་མི་མཁྱེན་ལྡན་པ་ཚོའི་ནང་ནས་ཀྱང་ད་རེས་དེ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བཀའ་ལན་གནང་མཁན་རབས་དང་རིམ་པ་བྱུང་། དེར་བརྟེན་ཁྱོན་ཡོངས་ཀྱི་ཆ་ནས་ད་རེས་ཀྱི་ཕྱག་ལས་དེ་ཧ་ཅང་ཡག་པོ་བྱུང་ཡོད་པ་ཞིག་ལ་འཛིན་སྐྱོང་ནས་ངོས་འཛིན་ཞུ་གི་ཡོད། འོན་ཀྱང་ཕྱག་ལས་ཡག་པོ་དང་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གནས་ཚུལ་གང་འདྲ་ཞིག་ཡིན་རུང། འགྱུར་བ་དང་གསར་གཏོད། གསར་བརྗེ་ཞིག་ག་དུས་བྱུང་ཡང་དེ་ལ་སྡེ་ཚན་གཅིག་གིས་འདོད་པ་མ་ཁེངས་པ་བྱེད་རྒྱུ་དང་། འགྲིག་མི་འདུག་བརྗོད་རྒྱུ་དེ་བོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡང་མ་རེད། དེ་ནི་འཇིག་རྟེན་སྤྱིའི་འགྲོ་སྟངས་ལྟ་བུ་རེད། དེར་བརྟེན་དེར་ང་ཚོས་ཧ་ལས་ཧ་སངས་དགོས་གནས་ཚུལ་གང་ཡང་མཐོང་གི་མེད། བདུན་ཕྲག་ཁ་ཤས་ཤིག་གི་རིང་ལ་འགན་ཁུར་མ་དགོས་པའི་ཐོག་ནས་དྲ་རྒྱ་དང་བརྒྱུད་ལམ་ཁག་ནང་གང་ཙམ་ཞིག་གསུང་མདོག་ཁ་པོ་རེད། གང་ཙམ་ཞིག་ནས་སྦུད་པ་ཕུ་ཤོར་བ་ལྟ་བུ་བྱས་ཏེ་རང་བཞིན་གྱིས་འཇའ་ཡལ་འགྲོ་རྒྱུ་ཞིག་རེད།
དེའི་ཐོག་ནས་གནས་ཚུལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་འཛིན་སྐྱོང་ནས་མཐོང་གི་མེད་ཅེས་ཞུ་རྒྱུ་ཡིན། འོན་ཀྱང་མང་ཚོགས་དང་ལྷག་པར་བརྒྱུད་ལམ་ནང་དངོས་ཡོད་ཀྱི་གནས་ཚུལ་རྩ་བ་ནས་མིན་པའི་གཞི་རྩ་མེད་པའི་ཐ་སྙད་དང་ཚིག་མང་དག་ཅིག་བེད་སྤྱོད་བཏང་སྟེ། མི་མང་མགོ་སྐོར་གཏོང་རྒྱུའི་གནས་ཚུལ་མང་པོ་ཞིག་ཡོང་གི་འདུག དེ་དག་བསམ་བཞིན་དུ་བྱས་མེད་པ་ཞིག་ལ་རེ་བ་བྱེད་ཀྱི་ཡོད། སོ་སོས་མགོ་མ་ཚོས་པར་དེ་འདྲ་ཆགས་པ་ཞིག་ལ་རེ་བ་བྱེད་ཀྱི་ཡོད་པ་མ་གཏོགས་བསམ་བཞིན་དུ་ཤེས་བཞིན་དུ་དེ་འདྲ་བཀའ་གནང་བ་ཞིག་ཡིན་པ་དྲན་གྱི་མེད། གནས་ཚུལ་ཧ་ཅང་མང་པོ་རེད། རླུང་འཕྲིན་དང་པར་སྐྲུན་གྱི་བརྒྱུད་ལམ། དེ་བཞིན་སྲང་ལམ་དབར་གྱི་བཀའ་མོལ། མང་དག་ཅིག་ནང་གནས་ཚུལ་མང་པོ་ཡོང་བཞིན་པར་བརྟེན། ཚང་མར་དོ་སྣང་ཐུབ་རྒྱུ་དང་བྱེད་དགོས་རྒྱུ་མེད་པ་ལྟ༌བུ་ཆགས་འདུག འོན་ཀྱང་གནད་འགག་ཆེ་བ་ཁ་ཤས་ཤིག་ད་རེས་གོ་སྐབས་འདི་བཟུང་ནས་སྙན་སེང་ཞུ་རྒྱུའི་འདོད་པ་བྱུང། སྙན་གྲགས་ཡོད་པའི་བརྒྱུད་ལམ་ཁག་ཁ་ཤས་ནང་བཅའ་ཁྲིམས་གསར་པ་ཞེས་གསུང་གི་འདུག ཉི་ཤུ་དགུ་ནས་བཅའ་ཁྲིམས་གསར་པ་གཏན་འབེབས་བྱས་པ་རེད་ཅེས་བརྗོད་མཁན་འདུག དེ་འདྲ་བྱས་མེད་པ་མི་ཕལ་པ་ཞིག་ཡིན་ནའང་ཧ་གོ་རྒྱུ་ཞིག་རེད། ང་ཚོས་བཅའ་ཁྲིམས་གསར་པ་ཞིག་དུས་ནམ་ཡང་བཟོས་མེད་ལ་བཟོ་རྒྱུའི་དགོངས་བཞེས་གནང་མེད། ཕྱི་ལོ་ ༡༩༩༡ ལོར་སྐབས་ ༡༡ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་དེ་རང་དང་བཅའ་ཁྲིམས་དེའི་ལེའུ་ ༡༡ ཆ་རྐྱེན་འོག་ལ་ཁྲིམས་དང་འགྲོ་ལུགས་མཐུན་པ་བྱས་ཏེ་བསྐྱར་བཅོས་གནང་བ་ཞིག་རེད། དེ་འདྲ་སོང་ཙང་བསྐྱར་བཅོས་གནང་བའི་བཅའ་ཁྲིམས་འདི་བཅའ་ཁྲིམས་གསར་པ་ཆགས་རྒྱུ་མིན་པ་འདི་གསར་འགོད་པ་ཞིག་ཡིན་ན་མཁྱེན་དགོས་རྒྱུ་རེད་བསམ་གྱི་འདུག
དེ་འདྲ་མིན་པ་ཡིན་ན་ད་རེས་འདི་བཅའ་ཁྲིམས་གསར་པ་ ༢༦ པ་དེ་ཆགས་དགོས་པ་ཞིག་རེད། དེའི་སྔོན་ལ་བསྐྱར་བཅོས་ ༢༤ ཕྱིན་ཟིན་པ་རེད། ད་རེས་བསྐྱར་བཅོས་ ༢༥ པ་དེ་ཕྱིན་པ་རེད། དེར་བརྟེན་བཅའ་ཁྲིམས་གསར་པ་ ༢༥ པའམ་ ༢༦ པ་དེ་ཆགས་འགྲོ་གི་ཡོད། དེའི་བར་དུ་བཅའ་ཁྲིམས་གསར་པ་མང་པོ་ཞེ་དྲག་བྱུང་ཚར་བའི་གནས་སྟངས་ལྟ་བུ་ཆགས་དགོས་པ་རེད། དེ་འདྲ་རྩ་བ་ཉིད་ནས་མ་རེད་ཅེས་ནན་པོའི་ཐོག་ཞུས་ན་མ་གཏོགས་ང་ཚོས་ཧ་ལམ་རྙིང་པ་གང་ཡོད་པ་དེ་ཟུར་ལ་བཞག་ནས་ཚང་མ་གསར་པ་ཞིག་བསྣམས་ཕེབས་པ་ཡིན་པའི་རྣམ་འགྱུར་ཞིག་སྟོན་རྒྱུའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་བ་དེ་གཅིག་བྱས་ན་དོགས་གཟོན་གནང་དགོས་རྒྱུའི་གཞི་རྩ་ཞིག་ཆགས་ཀྱི་ཡོད་རེད་བསམ་བཞིན་ཡོད།
དོན་ཚན་གཉིས་པར་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་བ་རེད་གསུང་རྒྱུ་དང་། བོད་གཞུང་ཕྱིར་བསྡུ་གནང་བ་རེད་ཅེས་དེ་འདྲ་ངག་ནས་གསུང་གི་འདུག བརྒྱུད་ལམ་ཁག་གི་ནང་ཐོན་གྱི་འདུག ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་གཡུལ་རྒྱལ་ལྷུན་རྩེ་རྫོང་ལ་གནས་སྤོས་གནང་བའི་དགའ་ལྡན་ཕོ་བྲང་གི་གཞུང་དེ་རང་མུ་མཐུད་ནས་རྒྱ་གར་ནང་བསྐྱར་དུ་བཀོད་སྒྲིག་གནང་བའི་བཙན་བྱོལ་བོད་གཞུང་འདས་པའི་ལོ་ ༥༢ རིང་ལ་མང་གཙོའི་འཕེལ་རིམ་ཚད་དང་ལྡན་པ་ཞིག་གི་ཐོག་ནས་བཅའ་ཁྲིམས་དང་ལྡན་པའི་མང་གཙོའི་གཞུང་ཁྲིམས་ལུགས་དབང་འཛིན། ཁྲིམས་བཟོའི་ཚོགས་པ། འཛིན་སྐྱོང་དབང་འཛིན། དབང་ཚད་ཆ་བགོས་དང་ལྗིད་མཉམ་སྟངས་འཛིན་གྱི་ཆ་རྐྱེན་ཡོངས་སུ་རྫོགས་པ་ཡོད་པའི་མང་གཙོའི་གཞུང་ཆ་ཚང་བ་ཞིག་ཕྱི་ལོ་ ༡༦༤༢ ནས་ད་བར་བརྒྱུད་པ་བར་མ་ཆད་པའི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་འདི་ཕྱིར་བསྡུ་གནང་མེད། ག་རེ་ཕྱིར་བསྡུ་གནང་ཡོད། ཚོགས་མི་ ༤༣ ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་ཞལ་ཁྲ་རོག་རོག་བྱས་འདིར་བཞུགས་ཏེ་ཁྲིམས་མཐུན་གྱི་ཕྱག་ལས་གནང་བཞིན་པ་རེད། འདིའི་ནང་ནས་མི་གཅིག་ཀྱང་ཉུང་དུ་བཏང་མེད། ཕྱག་ལས་གནང་ཕྱོགས་ཀྱི་ལམ་སྲོལ་ཐོག་ལ་འགྱུར་བ་སྤུ་རྩེ་ཙམ་ཡང་བཏང་མེད། ཚོགས་དུས་དང་པོ་འཚོགས་བཞིན་པ་རེད། ཚོགས་དུས་གཉིས་པའི་སྐབས་འདི་དང་འདི་གནང་རྒྱུ་ཡིན་ཞེས་འཆར་གཞི་སྒྲིག་བཞིན་ཡོད། ཁྲིམས་བཟོ་ལྷན་ཚོགས་ཐོག་ལ་ཆ་ཤས་ཙམ་དང་ཟུར་ཙམ་ཡང་ཡར་རྒྱས་འགྲོ་རྒྱུ་མ་གཏོགས་ཕྱིར་བསྡུ་བྱེད་རྒྱུ་དང་བསྒྱུར་བ་གཏོང་རྒྱུའི་གནས་སྟངས་མེད་པ་ཞིག་རེད། འཛིན་སྐྱོང་ལ་ཆ་མཚོན་པ་ཡིན་ན་གསར་བརྗེ་དང་ཡར་ཐོན་ཆེན་པོ་ཞིག་གི་ཐོག་ནས་འཛིན་སྐྱོང་གི་དབུ་ཁྲིད་སྔར་ལས་ལྷག་པའི་མི་མང་གིས་དོ་སྣང་བྱས་པའི་ཐོག་འོས་བསྡུ་བྱས་ཏེ་སྐབས་གསུམ་པའི་བཀའ་ཁྲིར་འོས་ཐོན་པ་དཀྱིལ་འཁོར་འདིའི་ནང་ཡོད་བཞིན་པ་རེད། རིང་པོར་མ་ཐོགས་པར་ལས་དོན་ཐུགས་འགན་བཞེས་རྒྱུ་རེད། ལས་དོན་ཐུགས་འགན་བཞེས་ཕྱོགས་ལས་དོན་གནང་ཕྱོགས། སྐུའི་དབང་ཚད་སྔར་ལས་ཆེ་རུ་ཕྱིན་པ་མ་གཏོགས་སྣ་ཁ་གཅིག་ཆུང་དུ་ཕྱིན་མེད། བསྡུས་མེད་ལ་བསྒྱུར་བ་བཏང་མེད། ཁྲིམས་ལུགས་དབང་འཛིན་ལ་ཆ་མཚོན་ན་སྔ་མ་གང་ཡོད་པའི་ཐོག་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་ཐོག་ནས་མཛད་རྒྱུའི་ཕྱག་ལས་མང་པོ་ཞིག་དང་ལས་དོན་མང་པོ་ཞིག་ཁོང་རྣམ་པར་མར་སྩལ་ཡོད། དེ་ཚོ་ཕྱག་ལས་གནང་དང་གནང་བཞིན་པ་རེད། འབྱུང་འགྱུར་ད་དུང་ཡར་རྒྱས་འགྲོ་རྒྱུ་དང་ལྷག་པར་ཕྱི་ལོ་ ༢༠༡༡ ལོ་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གནས་ཡུལ་ཡོངས་སུ་རྫོགས་པར་བཙན་བྱོལ་བོད་མིའི་ཁྲིམས་མཐུན་གྱི་ཐོག་ལ་ཟབ་སྦྱོང་གནང་རྒྱུ་དང་ཁྲིམས་རྩོད་པ་གསར་པ་སྐྲུན་རྒྱུའི་ལས་གཞི་གཞི་རྒྱ་ཆེ་ཐག་ཆོད་ཅིག་རྩོམ་བཞིན་ཡོད། མང་གཙོའི་ཀ་བ་གསུམ་པོ་འདིའི་གནས་བབ་ལ་འགྱུར་བ་སྤུ་ཙམ་མེད་པ་དང་ཡར་རྒྱས་ཀྱི་གོམ་འགྲོས་རྒྱག་བཞིན་པ་འདི་ཡོད་བཞིན་དུ་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་བ་རེད་ཅེས་བཀའ་མོལ་གནང་བ་འདིས་འདྲོགས་དགོས་རྒྱུ་དང་གང་བྱས་ནས་གསུངས་པ་ཡིན་ན་བསམ་རང་བཞིན་གྱིས་མ་དྲན་ཐབས་མེད་ཅིག་ཡོང་གི་འདུག
དེར་བརྟེན་ད་རེས་གྲོས་ཚོགས་ཀྱི་དཀྱིལ་འཁོར་འདིའི་ནང་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་ཁྲིམས་མཐུན་གྱི་སྒྲིག་འཛུགས། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གང་ཡོད་པ་དེ་གྲ་མ་ཉམས་པ་གྲུ་མ་ཞིག་པ་ཡོད་མ་གཏོགས་ཕྱིར་བསྡུ་ཞུས་མེད་ཅེས་ང་རང་ལ་བཀའ་བློན་ཁྲི་པའི་འགན་ཁུར་ཡོད་པའི་ཐོག་ནས་ཚིག་ཐག་ཆོད་པོས་སྙན་སེང་ཞུ་རྒྱུ་ཡིན།
འགྱུར་བ་གང་ཕྱིན་པ་རེད་གསུངས་པ་ཡིན་ན། ཐ་སྙད་ལ་འགྱུར་བ་ཕྱིན་པ་རེད། ཐ་སྙད་ལ་འགྱུར་བ་ཕྱིན་པ་དེ་ད་རེས་གསར་པ་ཞིག་གང་ཡང་མིན། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་བཀའ་ཤག་རྒྱ་གར་ལ་ཕེབས་པའི་ཉིན་མོ་དེ་ནས་གནས་ཚང་རྒྱ་གར་གཞུང་དང་མོས་མཐུན་བྱུང་བའི་མིང་ཚིག་གཅིག་ཡོད། དབུས་བོད་མིའི་སྒྲིག་འཛུགས། ཡང་ན་དབུས་བོད་མིའི་འཛིན་སྐྱོང་།
(CTA) ཞེས་པའི་མིང་ཞིག་ཡོད། མིང་དབྱིན་ཡིག་ཐོག་དེ་ཕྱི་ལོ་ ༡༩༥༩ ལོ་ནས་ད་བར་འགྱུར་བ་མེད་པར་བེད་སྤྱོད་གཏོང་བཞིན་པའི་མིང་ཞིག་རེད། ཡིན་ནའང་མིང་དེ་བོད་སྐད་ལ་ཏག་ཏག་བསྒྱུར་ནས་ཚིག་དེ་རང་བེད་སྤྱོང་གཏོང་གི་མེད། བོད་སྐད་ནང་བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད། བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་གི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་དེ་དབྱིན་ཡིག་ནང་སྒྱུར་ཇི་མ་ཇི་བཞིན་བྲིས་པ་ཡིན་ན་ (Tibet Government In Exile) ཞེས་པ་དེ་འབྲི་དགོས་ཀྱི་ཡོད། མཚམས་རེ་དེ་བྲིས་ནས་ཕན་ཐོགས་དགེ་མཚན་མེད་དམ་དགོངས་མཁན་དེ་ཚོས་སྔ་མོ་ཚར་མང་པོ་ཚོད་ལྟ་ཡང་གནང་ཡོད། ངས་དཔེ་མཚོན་གཅིག་ཞུས་ན། ཚིག་འདི་བེད་སྤྱོད་གཏོང་རྒྱུའི་ཐབས་ཤེས་གནང་བར་བརྟེན་ནས་སྤྱི་འཐུས་ལྷན་ཚོགས་དང་ཕེ་རེ་ཌིག་ནུ་མན་ཐེབས་རྩའི་(Friedrich Noumann Foundation) དབར་མཉམ་རུབས་ཀྱི་ལས་དོན་ཐོག་ལ་མཐའ་མའི་མཇུག་འབྲས་གང་བྱུང་ཡོད་མེད་པ་དེ་སྤྱི་འཐུས་རྣམ་པ་ཚང་མས་མཁྱེན་བཞིན་པ་རེད། ད་ལྟའི་གནས་སྐབས་ལ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགྲོ་སོང་སྔོན་མ་དང་བསྡུར་ན་བརྒྱ་ཆ་གང་ཙམ་ཞིག ཕེ་རེ་ཌིག་ནུ་མན་ཐེབས་རྩ་ནས་གཏོང་རྒྱུ་ཉུང་དུ་ཕྱིན་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་སྤྱིའི་ཚོགས་འདུ་ཕེ་རེ་ཌིག་ནུ་མན་ཐེབས་རྩའི་འགྲོ་སོང་བཏང་སྟེ་ཚོགས་རྒྱུ་མེད་པར་གྱུར་ཡོད། དེ་ལ་བརྟེན་ནས་ང་ཚོས་ཚོགས་འདུ་མ་ཚོགས་པར་ལུས་པ་དེ་འདྲ་མིན་ནའང་གནས་ཚུལ་བྱུང་རིམ་དེ་དག་ང་ཚོས་ཐུགས་ལ་ཉར་དགོས་པ་ཞིག་རེད་བསམ་གྱི་ཡོད། ད་ལྟ་ཕན་ཆད་ལ་༸གོང་ས་མཆོག་གི་མཚན་གྱི་གཟི་བརྗིད་འོག་ནས་མིང་དང་ཐ་སྙད་འདྲ་མིན་འགའ་ཤས་ཐར་འགྲོ་གི་ཡོད། གལ་སྲིད་རྙོག་འཛིང་ཞིག་བྱུང་པ་ཡིན་ནའང་རྙོག་འཛིང་དེ་༸རྒྱལ་བ་རིན་པོ་ཆེའི་མཚན་གྱི་གཟི་བརྗིད་ཀྱི་ཐོག་ནས་སེལ་ཐུབ་རྒྱུ་ཞིག་རེད། ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་ཟིན་རྗེས་ཐ་སྙད་ལ་རྟེན་ནས་ང་ཚོར་དཀའ་ངལ་བྱུང་ན་བྱབ་མེད་པ་ཅིག་རེད་བསམ་པའི་༸གོང་ས་མཆོག་གིས་དགོངས་པ་བཞེས་པ་མ་ཟད། ང་ཚོ་ཚང་མས་དེ་བཞིན་བསམ་གྱི་ཡོད། དོན་ལ་འགྱུར་བ་གང་ཡང་མེད་པ་ཡིན་ནའང་ཐ་སྙད་ཆུང་ཆུང་གཅིག་ལ་བརྟེན་ནས། དོན་མི་གཙོ་བ་ཐ་སྙད་གཙོ་བ་ཞིག་བྱས་ན་དེ་ཆབ་སྲིད་ཀྱི་འཆར་གཞི་ཡོད་པའི་བསམ་བློ་གཏོང་སྟངས་ཤིག་ཆགས་ཀྱི་ཡོད་མ་རེད་བསམ་བཞིན་ཡོད། ཐབས་བྱུས་ལྡན་པའི་ཆབ་སྲིད་ཀྱི་དགོངས་པ་བཞེས་མཁན་ཞིག་ཡིན་ན། དོན་གཙོ་བོར་བྱེད་དགོས་པ་ཞིག་དང་ཐ་སྙད་གཙོ་བོར་མ་བྱེད་པ་ཅིག་དགོས་ཀྱི་ཡོད།
ལྷག་པར་ད་ལྟ་ང་ཚོར་རྒྱ་གར་ནང་ཡོད་བཞིན་པའི་དཀའ་ངལ་འགའ་ཤས། ཧི་མཱ་ཅལ་ཆེས་མཐོའི་ཁྲིམས་ཁང་ནང་ཡོད་པའི་ཁ་མཆུ་དང་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་ཤོག་ཁག་གི་ནང་ཧ་ལམ་ཉིན་ལྟར་ཐོན་རྒྱུའི་ང་ཚོར་སྐྱོན་བརྗོད་ཀྱི་གནས་སྟངས་དེ་རིགས་ང་ཚོས་ཐབས་བྱུས་མཁས་པོ་ཞིག་གིས་ཐོག་ནས་ཐ་སྙད་བེད་སྤྱོད་གཏོང་སྟངས་འདྲ་མིན་བཟོས་པ་དེའི་དབང་གིས་ང་རང་ཚོ་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་ན། ང་ཚོས་དོན་དག་དེ་འགྲིག་པ་ཞིག་བཟོ་ཐུབ་ཀྱི་ཡོད་ན། ཐ་སྙད་དེར་གཙིགས་ཆེན་པོ་བྱེད་དགོས་རྒྱུའི་གནས་སྟངས་ཤིག་མི་འདུག་བསམ་གྱི་འདུག བཙན་བྱོལ་བོད་གཞུང་འདི་མང་གཙོའི་ཀ་བ་གསུམ་གྱི་ཆ་ཤས་མ་ཚང་བ་མེད་པ་འདི་ག་རང་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་རྒྱ་གར་ནང་གནས་ཐུབ་དགོས་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད། གཞུང་འབྲེལ་མིན་པའི་ཚོགས་པ་བཞིན་བྱས་ནས་གཞུང་གི་ལས་ཁུངས་ཁག་ཀྱང་དེབ་སྐྱེལ་བྱས་པའི་ཚོགས་པ་རང་གི་ཐོག་ནས་བྱེད་དགོས་རྒྱུའི་གནས་སྟངས་ཤིག་ཆགས་པ་ཡིན་ན་འཕྲལ་ཕུགས་རྒྱང་གསུམ་ལ་རླབས་ཆེན་གྱི་གྱོང་དང་སྐུ་ངལ་ཡོང་རྒྱུ་ཡིན་པ་དེ་བརྗོད་མི་དགོས་པ་རེད།
ཚོགས་ཆེན་སྐབས་སུ་འདི་འདྲ་བརྗོད་མཁན་བྱུང་ཡོད། དོན་གཅོད་ཚང་མར་དེབ་སྐྱེལ་བྱས་པའི་ཚོགས་པ་ཡོད། གང་བྱས་ནས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཀྱི་མཚན་ཞུ་དགོས་ཀྱི་རེད་དམ། འགྲིག་འགྲོ་གི་རེད་ཅེས་བརྗོད་མཁན་བྱུང་སོང། དེབ་སྐྱེལ་བྱས་པའི་ཚོགས་པ་གཞུང་འབྲེལ་མིན་པའི་ཚོགས་པའི་ངོ་བོ་ནས་ལས་ཀ་བྱས་ན་ཏན་ཏན་འགྲིག་འགྲོ་རྒྱུ་རེད། དེའི་འགྲིག་གི་མེད་པ་དང་དེ་ཙམ་གྱི་ཆོག་གི་མེད་པ་དེ་བོད་ཀྱི་རྩ་དོན་གྱི་ཐོག་སླེབས་སྐབས་དེ་ལས་ལྷག་པ་གཅིག བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་རྒྱུའི་གནས་བབ་གཅིག་ཡོད་དགོས་པ་དེ་གལ་ཆེན་པོ་ཡིན་པ་མཐོན་ནས་དོན་གཅོད་ཁག་ལ་དེ་སྔ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ཀྱི་མཚན་གནས་གནས་ཐུབ་རྒྱུ་ཞིག་༸གོང་ས་མཆོག་གི་བཀའ་འཁྲོལ་སྩལ་རྒྱུ་དང་བཅའ་ཁྲིམས་ནང་ཆ་རྐྱེན་སྐྲུན་རྒྱུའི་འབད་བརྩོན་བྱས་པ་རེད། དེ་དག་བཙན་བྱོལ་གཞུང་གི་དོན་དེ་དགོས་ཀྱི་ཡོད་པར་བརྟེན་འབད་བརྩོན་ཞུས་པ་རེད་མ་གཏོགས། བཙན་བྱོལ་གཞུང་གི་མིང་དེ་མ་གཏོགས་དོན་དེ་དགོས་ཀྱི་མེད་ན་དེབ་སྐྱེལ་བྱས་པའི་ཚོགས་པའི་སྒང་ལ་བཞག་ནའང་མ་འགྲིག་པ་མེད། དགོངས་པ་བཞེས་མཁན་དང་དཀའ་མོལ་གནང་མཁན་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་མ་གཟིགས་པར་དོན་དག་ཆུང་ཆུང་ཞིག་ཟུར་བཏོན་གནང་ན་དེ་ཏག་ཏག་སྡོད་ཀྱི་མ་རེད་བསམ་གྱི་འདུག
ལྷག་པར་དུ་གནས་ཚུལ་གཞན་པ་འདི་དང་མི་འདྲ་བ་གཅིག་ད་དུང་ཞུ་རྒྱུར། ད་རེས་ཐ་སྙད་བསྒྱུར་བ་གཏོང་རྒྱུ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བཀའ་ལྟ་བུ་བཏང་ནས་ཨུ་ཚུགས་བསྐྱོན་ནས་མར་བཀའ་ཕེབས་པའི་གནས་ཚུལ་འདྲ་པོ་ཅིག་དང་། ཡང་༸གོང་ས་མཆོག་ལ་ཕྱིའི་གནོན་ཤུགས་དང་དེ་ལས་ལྷག་པ་ནང་གི་གནོན་ཤུགས་ལ་བརྟེན་ནས་དེ་འདྲ་བཀའ་ཕེབས་དགོས་ཆགས་པ་རེད་ཅེས་དགོངས་མཁན་དང་གསུང་མཁན་དེ་འདྲ་མང་པོ་མཇལ་བྱུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་གྱི་ཡོན་ཏན་དང་མཛད་པ་འཕྲིན་ལས་མ་རྟོགས་པའི་དབང་གིས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་དང་ནང་གི་གནོན་ཤུགས་འོག་ཕེབས་མཁན་ཞིག་ཡིན་པར་ངོས་འཛིན་གནང་བར་ཧ་ཅང་བློ་ཕམ་བྱུང་། ཁ་ནས་༸རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་འདེབས་དགོས་རེད། གཅིག་བྱེད་དགོས་པ་རེད་གཉིས་བྱེད་དགོས་པ་རེད་ཅེས་བརྗོད་བཞིན་དུ་དོན་དངོས་ཐོག་༸རྒྱལ་བ་རིན་པོ་ཆེ་ལ་ངོས་འཛིན་གནང་སྟངས་དེ་མིས་གནོན་ཤུགས་ག་པར་སྤྲད་སྤྲད་ཅིག་དང་སུས་ག་རེ་ཞུས་ཞུས་ཡིན་པའི་བཟོ་འདྲ་པོ་ཞིག་ལ་ངོས་འཛིན་གནང་བ་དེས་༸རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་མེད་སྐད་ཆ་ཤོད་ཀྱི་མེད། དད་པ་མེད་མཁན་ཞིག་ཡིན་ནའང་གང་ཟག་གི་སྐྱོན་དང་ཡོན་ཏན་ཚོད་དཔག་བྱེད་སྟངས་དེ་དངོས་དོན་དང་མཐུན་པ་དང་དྲང་པོ་དྲང་གཞག་གཅིག་ཐོག་ནས་གནང་དགོས་ཀྱི་ཡོད་ཀྱང་གནང་མི་འདུག་བསམ་པ་དྲན་བྱུང། ལྷག་པར་དུ་རྒྱ་མིས་གནོན་ཤུགས་དང་རྒྱ་གར་གྱི་གནོན་ཤུགས། ཡང་ན་བོད་རྒྱ་འབྲེལ་མོལ་ལ་རེ་བ་བརྒྱབ་ནས་བྱས་པ་རེད་གསུངས་པ་དེ་དག་དངོས་ཡོད་ཀྱི་གནས་ཚུལ་དང་ལེ་བར་སྟོང་ཕྲག་མང་པོས་རྒྱང་ཐག་ཕྱིན་པ་མ་གཏོགས་དངོས་ཡོད་གནས་ཚུལ་གྱི་ཁ་ཕྱོགས་ལའང་བསླེབས་མེད་ཅེས་ཐག་ཆོད་པོའི་ཐོག་ནས་ཞུ་རྒྱུ་ཡིན།
དཔལ་ལྡན་ཚོགས་གཙོ་མཆོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་རྒྱ་འབྲེལ་མོལ་སྐབས་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཐོག་ལ་སྤྲད་པ་རེད། ཡིག་ཆ་དེ་རང་ནང་ལ་བསམ་བཞིན་དུ་ཆེད་དུ་གཉེར་ནས་བཙན་བྱོལ་བོད་གཞུང་ཞེས་བརྒྱབ་ཡོད། དེ་བརྒྱབ་པར་བརྟེན་ནས་ཁོང་ཚོ་འདྲོགས་རྒྱུ་ཡིན་པ་དེ་ང་ཚོས་མ་ཤེས་པ་མ་རེད། ཁོང་ཚོ་འདྲོགས་རྒྱུ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་དགོས་པ་རྒྱུ་མཚན་ཞིག་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དེ་ཡང་ང་ཚོས་འགྲིགས་ཆགས་འདི་འདྲ་ཞིག་བྱུང་བ་ཡིན་ན་དེའི་སྐབས་སུ་བོད་ས་གནས་ཀྱི་གཞུང་དང་མཉམ་འབྲེལ་བྱེད་ཆོག་གི་རེད་ཅེས་དེ་འབྲི་རྒྱུ་དེ་ང་ཚོས་རྒྱ་མིའི་སར་ཐ་སྙད་དེ་བེད་སྤྱོད་གཏོང་མ་ནུས་པ་བྱས་ཏེ་བསྡད་པ་ཞིག་མ་རེད། ཚོགས་ཆེན་སྐབས་སུའང་ཚོགས་ཆུང་གཉིས་ཀྱི་ནང་གསལ་བཤད་ཞུ་བར་ཕྱིན་པ་ཡིན། ད་ལྟ་ཐ་སྙད་འདི་བསྒྱུར་བ་གཏོང་རྒྱུ་འདི་རྒྱ་མིའི་གནོན་ཤུགས་མ་རེད་ལ་རྒྱ་གར་གྱི་གནོན་ཤུགས་ཀྱང་མིན། ད་ལྟའི་གནས་སྐབས་ལ་གནོན་ཤུགས་གང་ཡང་མེད། འོན་ཀྱང་མ་འོངས་པར་གནོན་ཤུགས་བྱུང་བ་ཡིན་ན་དོན་དག་མེད་པའི་གདོང་ལེན་བྱེད་ཁག་པོ་ཞིག་གི་ཐ་སྙད་ཅིག་ང་ཚོས་ཉར་ནས་བྱབ་གང་ཡང་མི་འདུག་ཅེས་གསལ་བཤད་ཞུ་རྒྱུ་བྱུང་། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་མིའི་གནོན་ཤུགས་མེད་པ། རྒྱ་གར་གྱི་གནོན་ཤུགས་ཀྱང་མེད་ལ། བོད་མི་ནང་ཁུལ་གྱི་གནོན་ཤུགས་ཀྱང་མེད་པ་དེ་ངས་ཐག་བཅད་ནས་གྲོས་ཚོགས་འདིའི་ནང་ལ་ཞུ་རྒྱུར་སྤོབས་པ་ཡོད། གལ་སྲིད་ངས་ཞུས་པ་དེ་བདེན་པ་མིན་པའི་གནས་ཚུལ་ར་སྤྲོད་གནང་མཁན་བྱུང་ན། སྐབས་དེར་གནས་ཚུལ་གང་ཡིན་གསལ་པོ་ཆགས་མདོག་ཁ་པོ་རེད། དེ་ལས་འཕྲོས་པའི་གཞི་རྩ་མེད་པའི་གནས་ཚུལ་དེ་འདྲ་༸རྒྱལ་བ་རིན་པོ་ཆེའི་མཚན་དང་སྦྱར་ནས་གསུངས་པ་དེ་ང་ཚོའི་བློ་ཡུལ་ལ་ཧ་ཅང་ཤོང་ཁག་པོ་འདུག
ལར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གཤིས་མང་གཙོའི་འགྲོས་དང་མང་གཙོའི་ལེགས་བྱང་ལ་ཐུགས་དགོངས་རང་གཤིས་སུ་ཡོད་པ་ཞིག་རེད། དེ་སྔ་ཕན་ཆད་ཡིན་ནའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་འདི་འདྲ་ཞིག་བཟོ་དགོས་རེད་འདི་འདྲ་ཞིག་བཟོ་རྒྱུ་མེད་ཅེས་འདས་པའི་ལོ་ ༥༢ རིང་ལ་ཐེངས་གཅིག་ཀྱང་བཀའ་སྩལ་མྱོང་མེད། བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་ཞུ་བའི་སྐབས་ལ་ང་བར་བརྒལ་གྱི་ཚོགས་གཙོ་ཡིན། ཚོགས་གཙོ་གཞོན་པ་གཉིས་ཡོད། ང་ཚོས་བཅའ་ཁྲིམས་ཐོག་མ་གཏན་འབེབས་ཞུས་པ་དེ་ཡར་སྙན་སེང་ཞུ་བར་བཅར་སྐབས་སུའང་ངོས་ཀྱི་བསམ་པར་གནས་ཚུལ་འདི་འདྲ་འདི་འདྲ་ཕྱིན་ན་བསམ་པ་བྱུང་སྟེ་མང་གཙོའི་འགྲོས་ཀྱི་ཐོག་ནས་ཁྱེད་རང་ཚོས་གང་ཐག་བཅད་པ་དེར་ངོས་ཀྱིས་མོས་མཐུན་ཞུ་རྒྱུ་མ་གཏོགས་དེ་ལ་ངོས་ཀྱིས་བསྐྱར་བཅོས་བྱེད་ཅེས་ཞུ་རྒྱུ་མིན་ཞེས་བཀའ་སློབ་ཕེབས་ཡོད། དེ་བཀའ་སྩལ་རྒྱུ་དེ་ཆོས་ལུགས་རིས་མེད་དང་ཆོས་སྲིད་ཟུང་འབྲེལ་གྱི་ཚིག་དེའི་སྐོར་རེད། ༸རྒྱལ་བ་རིན་པོ་ཆེའི་སྐུ་དབང་ཕྱིར་བསྡུ་བྱེད་རྒྱུའི་དོན་ཚན་དེ་ངོས་དང་འབྲེལ་བ་ཆགས་པ་ཡིན་སྟབས་འདི་ཡིན་གཅིག་མིན་གཅིག་བཞག་དགོས་ཀྱི་ཡོད་རེད་ཅེས་བརྗོད་རྒྱུར་ངོས་ལ་ཐོབ་ཐང་ཡོད་ཅེས་བཀའ་སྩལ་ཡོད་ལ་དེ་མང་གཙོའོ་ལམ་སྲོལ་དང་འགལ་གྱི་མ་རེད་ཅེས་བཀའ་སྩལ་སོང། དེ་ལ་བརྟེན་ནས་ཁྱེད་རང་ཚོའི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱིས་མོས་མཐུན་བྱུང་ན་༸སྐྱབས་མགོན་རིན་པོ་ཆེའི་སྐུ་དབང་ཕྱིར་བསྡུ་བྱས་ནས་སྡེ་སྲིད་ལྷན་ཚོགས་ལ་རྩིས་སྤྲོད་བྱེད་རྒྱུའི་ཆ་རྐྱེན་དེ་ངེས་པར་དུ་འཇོག་དགོས་པ་རེད་དེ་མ་བཞག་ན་འགྲིག་གི་མེད་ཅེས་བཀའ་སྩལ་སོང།
དོན་ཚན་གཞན་པ་གཉིས་ལ་ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན་སྐོར་ལ་བསྐྱར་ཞིབ་བྱེད་ཐུབ་ན་ཡག་པོ་འདུག་མ་ཐུབ་ན་བྱེད་རྒྱུ་གང་མེད་ཅེས་བཀའ་སྩལ་བྱུང་། བཀའ་སྩལ་བ་དེས་གང་མཚོན་གྱི་ཡོད་བརྗོད་ན་གྲོས་ཚོགས་ཀྱི་རྣམ་དཔྱོད་དང་ཐག་གཅོད་ལ་བརྩི་མཐོང་དང་གུས་ཞབས་ཡོད་པ་དེ་མཚོན་གྱི་ཡོད། སྐབས་དེ་དུས་བསྐྱར་དུ་ཞུས་ཡོད་པ་ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་སྐུ་དབང་དང་འབྲེལ་བ་མེད་པ་ཞིག་ཡིན་ན་ཡང་བསྐྱར་ཐེངས་གཉིས་པར་བཀའ་སྩལ་མདོག་ཁ་པོ་མ་རེད་བསམ་གྱི་ཡོད། དེའིརྗེས་ལ་བཀའ་རྩ་ཁྱབ་བསྒྲགས་ཐེངས་གསུམ་སྩལ་དགོས་ཆགས་པ་རེད། དེ་ཚོའི་སྐབས་སུའང་བཀའ་རྩ་ཁྱབ་བསྒྲགས་ཀྱི་ཚིག་བརྗོད་དེ་དག་སྤྱི་འཐུས་རྒྱུན་ལས་ཀྱིས་གང་མོས་མཐུན་གནང་བ་དེ་རང་ཚིག་གཅིག་ཡར་མ་ལྷག་པ་དང་ཚིག་གཅིག་མར་མ་ཆད་པར་དེ་རང་སྩལ་བ་མ་གཏོགས་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞིའི་ཐོག་ནས་ཚིག་གཅིག་སྩལ་མེད། དེ་དང་ཕྱོགས་མཚུངས་ད་རེས་ལྟ་བུར་མཚོན་ནའང་བཙན་བྱོལ་བོད་གཞུང་གི་ཐ་སྙད་བསྒྱུར་བ་བཏང་ན་ཡག་པོ་འདུག་ཅེས་བཀའ་སློབ་སྩལ་ཡོད། བཀའ་སློབ་སྩལ་བ་དེ་ལས་འཕྲོས་ཏེ་དངོས་སུ་ཁྲིམས་བཟོའི་ལས་དོན་ཐོག་ཞུགས་སྐབས་དེ་ཡིན་གཅིག་མིན་གཅིག་བསྒྱུར་བ་གཏོང་ཨང་ཞེས་བཀའ་ཕེབས་པ་གཅིག་ངས་གོ་མ་བྱུང་། ཚོགས་གཙོ་གཉིས་ལའང་བཀའ་ཕེབས་ཡོད་མདོག་ཁ་པོ་མ་རེད་བསམ་གྱི་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གང་ཕེབས་པ་རེད་ཞུས་པ་ཡིན་ན། སྔ་མ་བཅའ་ཁྲིམས་གཏན་ལ་ཕབ་པའི་སྐབས་སུ་བྱུང་བ་བཞིན་ད་རེས་ཀྱང་བསྒྱུར་བ་གཏོང་ས་དེ་༸རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བ་ཡོད་པའི་ཚིག་བརྗོད་ཅིག་རེད། དོན་ཚན་དང་པོའི་ནང་གསེས་གཉིས་པ་དང་གསུམ་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་དང་འདི་མཛད་དགོས་རེད་ཅེས་ཞུས་རྒྱུའི་ཐོག་ལ་༸རྒྱལ་བ་རིན་པོ་ཆེས་ཆ་ཚང་ཡོང་གི་མ་རེད་ཅེས་བཀའ་འཁྲོལ་མ་སྩལ་བ་ཡིན་ནའང་མང་གཙོའི་ལམ་སྲོལ་དང་འགལ་བ་གང་ཡང་མེད། མང་གཙོའི་ལམ་སྲོལ་ནང་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱིར་འཐེན་བསྐྱོན་གྱི་ཡིན། ད་ཆ་ཚང་མ་ཁྱེད་རང་ཚོས་བྱེད་དགོས་ཞེས་བཀའ་སྩལ་ཟིན་སྐབས་ད་ཆ་ངོས་ཀྱི་སྐོར་ལ་ཚིག་གཅིག་བྲིས་ན་འགྲིག་གི་མ་རེད་ཅེས་བཀའ་སྩལ་བ་ཡིན་ནའང་དེ་མང་གཙོའི་ལམ་སྲོལ་དང་གང་འདྲ་བྱས་འགལ་གྱི་རེད།
གལ་སྲིད་དེ་འདྲ་ཞིག་བྱུང་བ་ཡིན་ན་གང་ཟག་སྒེར་གྱི་རང་དབང་དང་ཐོབ་ཐང་བརྡལ་ཤིག་བཏང་བའི་མང་གཙོའི་ལམ་སྲོལ་དང་འགལ་བ་ཞིག་ཆགས་ཀྱི་རེད་མ་གཏོགས་གྲོས་ཚོགས་ངོས་ནས་རྒྱལ་བ་རིན་པོ་ཆེའི་ངོས་ནས་མང་གཙོའི་ལམ་སྲོལ་ལ་རྩིས་འཇོགས་མེད་པ་ཞིག་རྩ་བ་ནས་ཆགས་རྒྱུ་མིན། མང་གཙོའི་སྤྱི་ཚོགས་ནང་འོས་མཐོན་བྱུང་བ་ཡིན་ནའང་ང་བྱེད་ཀྱི་མིན་ཞེས་བརྗོད་རྒྱུ་དེ་མང་གཙོའི་ལམ་སྲོལ་དང་འགལ་བར་སུས་ཀྱང་ངོས་འཛིན་བྱེད་ཀྱི་མ་རེད།
གལ་སྲིད་ངོས་འཛིན་བྱེད་ཀྱི་ཡོད་ན་སྤྱི་འཐུས་འོས་གཞི་ནང་ཡོད་མཁན་དགོང་པ་ཞུ་མཁན་ཚང་མ་མང་གཙོའི་ལམ་སྲོལ་ལ་རྩིས་འཇོགས་མེད་པ་རེད་ཅེས་གསུང་གི་རེད་པས། བཀའ་བློན་ཁྲི་པའི་འོས་གཞིར་བསླེབས་ནས་ད་ང་བཀའ་བློན་ཁྲི་པར་སྡད་ཀྱི་མིན་ཞེས་གསུངས་མཁན་ཚང་མ་མང་གཙོའི་ལམ་སྲོལ་དང་མ་མཐུན་པ་རེད་ཅེས་གསུང་གི་རེད་དམ། རིག་པའི་གཞུང་ལུགས་དང་མཐུན་པའི་ཐོག་ནས་དགོངས་པ་བཞེས་དགོས་པ་ཅིག་རེད། རྒྱལ་བ་རིན་པོ་ཆེའི་གཞུང་མང་ཚོགས་ཆེན་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསོལ་འདེབས་ཞུས་པར་རྩིས་འཇོགས་གནང་ནས་དགོངས་པ་བཞེས་ཏེ་དོན་ཚན་དེ་བཞག་ན་འགྲིག་གི་འདུག ཡིན་ནའང་ཚིག་བརྗོད་འདི་དང་འདི་ནམ་རྒྱུན་ངོས་ཀྱིས་བེད་སྤྱོང་གཏོང་རྒྱུའི་ཚིག་བརྗོད་ཅིག་མིན་པ་ཡིན་ཙང་དེ་དག་འགྱུར་བ་གཏོང་དགོས་ཀྱི་རེད་ཅེས་བཀའ་སྩལ་བ་མ་གཏོགས་དེ་ལས་ལྷག་པ་ཅིག་༸སྐྱབས་མགོན་རིན་པོ་ཆེས་བཀའ་གང་ཡང་སྩལ་མེད།
དེའི་ནང་བཙན་བྱོལ་སྒྲིག་འཛུགས་དང་བོད་མིའི་སྒྲིག་འཛུགས་ཞེས་བརྗོད་རྒྱུའི་ཚིག་དེ་༸གོང་ས་མཆོག་གིས་བཙན་བྱོལ་སྒྲིག་འཛུགས་སམ་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་དུ་རྒྱལ་སྤྱིའི་དབུ་ཁྲིད་དང་མཇལ་དང་བཀའ་མོལ་གནང་རྒྱུ་ཞེས་པ་དེ་བསླེབས་པར་བརྟེན། ཉིན་ཁ་ཤས་ཀྱི་སྔོན་ནས་བགྲོ་གླེང་གནང་བའི་ཚིག་བརྗོད་གཞན་དེ་དག་ཁྲིམས་བཟོའི་དབང་ཆ་ཆ་ཚང་ཡོད་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྐྱར་བཅོས་གནང་བ་ཞིག་རེད་མ་གཏོགས་༸གོང་ས་མཆོག་གིས་དེ་བྱོས་ཤིག་ཅེས་བཀའ་ཕེབས་པ་ཞིག་རྩ་བ་ནས་མ་རེད་བསམ་གྱི་ཡོད། དེར་བརྟེན་༸གོང་ས་མཆོག་མང་གཙོའི་ལམ་སྲོལ་ལ་ཐུགས་འདུན་མེད་པ་དང་རྩིས་འཇོག་མེད་པ་ཞིག་རྨི་ལམ་ལ་ཡང་ང་ཚོའི་ངོས་ནས་ངོས་འཛིན་ཞུ་གི་མེད། དཔལ་ལྡན་བོད་མི་མིང་སྤྱི་འཐུས་ལྷན་ཚོགས་ལ་ཆ་མཚོན་ནའང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་ཚོགས་ཀྱི་མངོན་འདོད་ཤེས་རྒྱུའི་ཐབས་ཤེས་གནང་བ་རེད། མང་ཚོགས་ཀྱི་མངོན་འདོད་བསྡུས་གནང་བ་རེད། འོན་ཀྱང་མང་ཚོགས་ཀྱི་མངོན་འདོད་གང་འདྲ་ཞིག་ཡོད་མེད་ལ་མ་ལྟོས་པའི་ཁྲིམས་བཟོའི་དབང་ཆ་དེ་བོད་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད། སྤྱི་འཐུས་འོས་འདེམས་བྱས་ནས་དམ་འབུལ་བྱས་ཟིན་རྗེས་ཁྲིམས་བཟོའི་དབང་ཆ་ལྷག་མ་ཞིག་འོས་ཤོག་བླུག་མཁན་ཚོའི་ལག་པར་ལྷག་མེད། ཁྲིམས་བཟོའི་ལས་དོན་ནང་མང་ཚོགས་ཀྱིས་ཤེས་པ་དང་མ་ཤེས་པ། དེ་བཞིན་མང་ཚོགས་ཀྱི་འདོད་པ་ཡོད་པ་དང་མེད་པ་གཉིས་ཀར་ཡོང་གི་རེད། གང་ལྟར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་སྤྱི་མོས་མང་མོས་ཀྱི་ཐོག་ནས་ཐག་གཅོད་གནང་བ་དེ་མང་གཙོའི་ལམ་སྲོལ་དང་མཐུན་པའི་ཐག་གཅོད་ཅིག་རེད་མ་གཏོགས་དེ་མང་གཙོའི་ལམ་སྲོལ་དང་འགལ་བ་ཞིག་ཡིན་པར་ང་ཚོས་ངོས་འཛིན་ཐུབ་ཐབས་མེད། གལ་སྲིད་དེ་ངོས་འཛིན་ཞུ་དགོས་ཀྱི་ཡོད་ན། ང་ཚོ་སྐུ་ཚབ་ཀྱི་མང་གཙོ་བྱེད་ཐུབ་ཐབས་མེད། ཐད་ཀའི་མང་གཙོ་གནང་རྒྱུ་རེད། ཐད་ཀའི་མང་གཙོ་གནང་ན་མི་མང་གི་བསམ་ཚུལ་དེ་བསླེབ་ཀྱི་རེད། སྐུ་ཚབ་ཀྱི་མང་གཙོ་གནང་ཕྱིན་ཆད་ལ་སྐུ་ཚབ་ཚོས་གང་ཐག་བཅད་པ་དེ་མང་ཚོགས་ཀྱི་བསམ་ཚུལ་མཚོན་གྱི་ཡོད་མེད་ལ་མ་ལྟོས་པའི་མཚོན་པ་ལྟ་བུ་ཞིག་དང་། ཤིན་ཏུ་གལ་གནད་ཆེའི་མང་མོས་ཐག་གཅོད་འོས་བསྡུ་གཏོང་དགོས་པའི་གནས་ཚུལ་ཞིག་མིན་ན། ཁྲིམས་བཟོ་ལྷན་ཚོགས་ཀྱིས་གང་ཐག་བཅད་པ་དེ་མང་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་ལས་མང་གཙོའི་ལམ་སྲོལ་དང་འགལ་བར་ངོས་འཛིན་གནང་སྟངས་ཤེས་ཀྱི་མ་རེད། ཅེས་ཞུ་རྒྱུ་ཡིན།
གལ་སྲིད་དེ་མང་གཙོའི་ལམ་སྲོལ་དང་འགལ་བ་ཞིག་ལ་ངོས་འཛིན་གནང་བ་ཡིན་ནའང། གྲོས་ཚོགས་ཀྱི་འགལ་བ་རེད་མ་གཏོགས་༸གོང་ས་མཆོག་གིས་གནང་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་རྒྱུའི་ཐོབ་ཐང་ཡོད་ལ་རང་བཞིན་གྱི་ནུས་པ་ཡོད། དེ་ལ་བརྟེན་ནས་བཀའ་སློབ་ཕེབས་ཡོད། དེ་ཡིན་གཅིག་མིན་གཅིག་ཉན་དགོས་ཞེས་༉༸གོང་ས་མཆོག་གིས་དེ་སྔ་ཕན་ཆད་ལ་བཙན་བཀའ་བཏང་གནང་མྱོང་མེད་ལ་ད་ལྟ་ཡིན་ནའང་གནང་མེད་ལ། དེ་བཞིན་མ་འོངས་པར་ཡང་གནང་གི་མ་རེད་བསམ་གྱི་ཡོད།
གནས་ཚུལ་གཞན་ཞིག་ལ་དུས་ཚོད་ཧ་ཅང་བྲེལ་བ་བྱས་ནས་ཐག་གཅོད་བྱས་སོང་ཞེས་བཀའ་གནང་གི་འདུག དུས་ཚོད་འགྱངས་ནས་གནང་རྒྱུ་ཡོད་པ་ཞིག་ཡིན་ན། བདེན་པ་རེད། དུས་ཚོད་འགྱངས་མིན་ལ་མ་ལྟོས་པའི་དོན་དག་གཙོ་བ་དེ་ད་རེས་ཐག་གཅོད་གནང་དགོས་པ་དེ་གང་རེད་དམ་ཞེ་ན། ༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་མཛད་རྒྱུ་དེ་རེད། ༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་མཛད་རྒྱུ་དེ་ད་རེས་གློ་བུར་དུ་བཀའ་ཕེབས་པ་དང་དགོངས་བཞེས་མཛད་པ་ཞིག་རྩ་བ་ནས་མིན་པ་དེ་གསུང་འཕྲིན་ནང་ཞལ་གསལ་ཐག་ཆོད་རེད། ཕྱི་ལོ་ ༡༩༦༩ ནས་བཟུང་བཀའ་སློབ་ཕེབས་ཀྱི་ཡོད་གསུངས་ཡོད། ཕྱི་ལོ་ ༡༩༦༩ ནས་ ༢༠༡༡ དེ་བྲེལ་བ་གང་ཡང་མིན། ང་ཚོ་གཉིད་མ་སད་པ་མ་གཏོགས་༸གོང་ས་མཆོག་གི་ངོས་ནས་དུས་ཚོད་འདང་ངེས་བཞིན་པ་གནང་ཡོད་པ་རེད་བསམ་གྱི་འདུག ༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བ་མེད་པའི་བཅའ་ཁྲིམས་བསྐྱར་བཅོས་མགྱོགས་དྲགས་པོ་གསུང་ན། སླར་ཡང་བསྐྱར་བཅོས་གནང་ཆོག་གི་རེད། སྐབས་བཅུ་བཞི་པའི་གྲོས་ཚོགས་ལ་ཁྲིམས་བཟོའི་དབང་གང་ཡོད་པ་དེ་སྒྲ་མ་ཉམས་པ་གྲུ་མ་ཞིག་པ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ལ་ཡོད་པ་མ་གཏོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་ཐག་བཅད་ཟིན་པ་དེ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱིས་བསྐྱར་བཅོས་བྱེད་རྒྱུ་མེད་པ་ཞིག་མིན། དེར་བརྟེན་དུས་ཚོད་འགྱངས་ནས་བཀའ་བསྡུར་གནང་སྟེ་ད་དུང་གསར་པ་ཞིག་ཐོན་རྒྱུ་ཡོད་ན། སྐབས་བཅོ་ལྔ་པ་དང་བཅུ་དྲུག་ག་ཚོད་སླེབས་ཀྱང་ཁྲིམས་བཟོའི་དབང་ཚད་འདྲ་མཉམ་ཐོག་གནས་ཀྱི་རེད། ག་དུས་ཡིན་རུང་ཡར་བཅུག་ཆོག་དང་མར་འཐེན་ཆོག་གི་རེད། ༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་མཛད་རྒྱུ་དེ་ཉིན་འགྱངས་ཞག་འཕུལ་བྱས་ན་འགྲིག་གི་མེད་པ་ཞིག་གསལ་པོ་བྱུང་སྟབས། ད་རེས་ང་ཚོས་སྐབས་བཅུ་བཞི་པའི་ལས་ཡུན་མ་རྫོགས་གོང་ལ་ཁྲིམས་བཟོའི་ལས་དོན་སྒྲུབ་པ་གནང་དགོས་པའི་རྒྱུ་མཚན་དེ་འདྲ་རེད། དེར་ངའི་བསམ་པར་བྱས་ན་བཀུར་འོས་ཚོགས་གཙོ་མཆོག་མ་འོས་པ་དང་མ་འཚམས་དེ་འདྲ་བྱུང་སོང་བསམ་པ་ལྟ་བུ་ཞིག་མཐོང་གི་མི་འདུག དེ་དག་བཀའ་ཤག་གིས་མཐོང་ཚུལ་དང་དངོས་བྱུང་གི་གནས་བབ་དེ་དག་མདོར་བསྡུས་ཤིག་དེ་རིང་འདིར་གོ་སྐབས་གནང་བརྟེན། སྙན་སྒྲོན་ཞུ་རྒྱུའི་འབད་བརྩོན་ཞུས་པ་ཡིན། མ་འོངས་པར་ཡང་ད་དུང་གང་ཟག་སྒེར་གྱི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་དང་ཚོགས་གཙོའི་ཐོག་ནས་བསྐྱར་དུ་བཀའ་དྲི་གནང་རྒྱུ་ཡོད་ན་ག་དུས་ཡིན་རུང་འགྲེལ་བརྗོད་གསལ་བཤད་ཞུ་རྒྱུའི་འདུན་པ་ཡོད་ལ་འབད་བརྩོན་ཡང་ཞུ་གི་ཡིན། ད་རེས་ཀྱི་གསལ་བཤད་བྱེད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང།