༢༠༡༡ ཟླ་ ༦ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷི་རེ་སི་བྷིན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཨོ་སི་ཊི་ལི་ཡའི་གྲོང་ཁྱེར་པཱར་ཐི་(Perth) ཁུལ་དུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་༸གོང་ས་མཆོག་ལ་པཱར་ཐི་གྲོང་ཁྱེར་གྱི་ (Freemantle Town Hall) ཚོགས་ཁང་དུ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་ཚོགས་མི་སི་ཀོ་ཊ་ལུ་ཌི་ལམ་ (Senator Scott Ludlam) ལགས་དང་གྲོས་ཚོགས་ཀྱི་འཐུས་མི་མེ་ལི་སཱ་པར་ཁེ་ (Melissa Parke) ལགས། གྲོང་སྡེའི་སྤྱི་ཁྱབ་བྷ་ར་ཌི་པེ་ཊི་ཊི་ (Brad Petitt) ལགས་བཅས་ཀྱིས་འགོ་ཁྲིད་པའི་ས་གནས་མང་ཚོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་སྣེ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད་པ་དེར་ཆིབས་སྒྱུར་བསྐྱངས་ཡོད།
སྐབས་དེར་ཨོ་སི་ཊོ་ལི་ཡའི་གདོད་མིའི་མི་རིགས་ཀྱིས་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། དེང་དུས་ཚན་རིག་དང་ནང་ཆོས་ནས་གསུངས་པའི་ཚན་རིག་དབར་གྱི་འབྲེལ་བའི་ཐོག་ཐུགས་སྣང་ཡོད་སྐོར་བཀའ་སློབ་སྩལ་བ་དང་འབྲེལ་ལོ་ཤས་སྔོན་ནས་བོད་པའི་དགོན་སྡེ་ཁག་གི་ནང་དུའང་དེང་དུས་ཚན་རིག་སློབ་གཉེར་བྱེད་སྒོ་བཙུགས་ཟིན་ཡོད་སྐོར་བཀའ་སློབ་སྩལ།
དེ་ཡང་ཁུལ་དེར་༸གོང་ས་མཆོག་ཆིབས་སྒྱུར་མ་བསྐྱང་སྔོན་གྱི་བདུན་ཕྲག་གཉིས་ཙམ་གྱི་གོང་ནས་ཨོ་སི་ཊོ་ལི་ཡའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཀྱིས་ཨོ་སི་ཊོ་ལི་ཡའི་པཱར་ཐིའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུ་རྒྱུར་བཀག་འགོག་གིས་གནོན་ཤུགས་ཤུགས་ཆེ་སྤྲད་ཡོད། སྐབས་དེར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་ཚོགས་མི་ལུ་ཌི་ལམ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས་གསུང་དོན། རྒྱ་ནག་གཞུང་གིས་ལོ་ན་ ༧༦ ལ་སོན་པའི་ནང་པའི་དགེ་སློང་ཞིག་ལ་འཇིགས་སྣང་བྱེད་པར་ཡ་མཚན་མཐོང་གི་འདུག ཁོང་ཚོའི་གནོན་ཤུགས་སྤྲོད་རྒྱུའི་ཐབས་བྱུས་དེ་ཐོག་མ་ཞིག་ཆགས་མེད། མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཉན་དུ་འགྲོ་མི་ཆོག་ཅེས་རྒྱ་ནག་གཞུང་གིས་བརྗོད་པ་དེར་རྒྱུ་མཚན་ཇི་ཡོད་རྒྱ་ནག་གཞུང་གིས་གསལ་བཤད་ཐུབ་ཚེ་དགེ་མཚན་ཡོད། ཅེས་སོགས་གསུངས་ཡོད་པ་བཅས།།
༸གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་བྷོ་རི་སི་བྷེན་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ་པཱར་ཐིའི་ཁུལ་༸ཞབས་སོར་འཁོད་པ།
གསར་གནས།
འབྲེལ་གནས།