༢༠༡༡ ཟླ་ ༦ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༠ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་ཁམས་དཀར་མཛེས་དགོན་དུ་སློབ་གཉེར་གནང་བཞིན་པའི་རྩིས་ཚང་དགོན་གྱི་དགེ་འདུན་་མགོ་དབྱངས་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། “༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས། སྤང་རི་སྣ་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་ཀློད་བཀྲོལ་གཏོང་དགོས།” ཞེས་འབོད་ཚིག་སྒྲོག་བཞིན་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ་ཁོང་འཛིན་བཟུང་གིས་ཉེས་རྡུང་གཏོང་བཞིན་བཙོན་འཇུག་བྱས་ཡོད་འདུག
དགེ་འདུན་མགོ་དབྱངས་ལགས་ནི་དཀར་མཛེས་རྫོང་ལྷོ་པ་ཤང་། རྩག་ལེགས་གྲོང་ཚོ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༣༠ ཡིན་འདུག ཁོང་གི་སྤུན་མཆེད་རང་ལོ་ ༢༣ ཡིན་པའི་དགེ་འདུན་བློ་དབྱངས་ལགས་ཀྱིས་ཀྱང་། ༢༠༠༨ ལོའི་ཟླ་ ༥ བའི་ཚེས་ ༢༠ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་རྒྱ་གཞུང་གིས་འཛིན་བཟུང་གིས་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཁུར་ཏེ་ཉེ་ཆར་བཙོན་བཀྲོལ་ཐོབ་ཡོད། ད་ཆར་རྒྱ་གཞུང་གིས་ཁམས་དཀར་མཛེས་རྫོང་ཁོངས་ཀྱི་ཡུལ་དགོན་གཉིས་ལ་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་འདུག
ཡང་དེ་ཉིན་གྱི་ཆུ་ཚོད་ ༢ པ་ཙམ་ལ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། དཀར་མཛེས་ལམ་བྲག་དགོན་པ་ནས་ཡིན་པ་རང་ལོ་ ༢༥ སོན་པའི་བཙུན་མ་བྱམས་པ་ལྷ་མཚོ་དང་། རང་ལོ་ ༢༠ ཡིན་པའི་བཙུན་མ་རིན་དགའ་གཉིས་ཀྱིས། “༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ནང་ཆོས་དད་རང་དབང་མི་འདུག” སོགས་ཀྱི་འབོད་ཚིག་བསྒྲགས་ཤིང་། བོད་རང་བཙན་གྱི་ཡིག་ཆ་གཏོར་འགྲེམ་བྱེད་བཞིན་ཞི་བའི་སྐད་འབོད་ཀྱི་རྔམ་སྟོན་ཁྲོམ་སྐོར་བྱས་འདུག འོན་ཀྱང་དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གཉིས་ལ་ཉེས་རྡུང་ཚབས་ཆེ་གཏོང་བཞིན་རླངས་འཁོར་ནང་བཅུག་སྟེ་བཙན་ཁྲིད་བྱས་ཡོད་འདུག