༢༠༡༡ ཟླ་ ༦ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ནས་བོད་ཆོལ་གསུམ་ཡོངས་སུ་ཞི་བའི་ངོ་རྒོལ་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་གཞུང་གིས་བོད་ནང་སྲིད་བྱུས་འཛིན་ཕྱོགས་ལ་མོས་མཐུན་རྩ་བ་ནས་མེད་པར། རྒྱལ་སྤྱིའི་ནང་བོད་མིའི་མངོན་འདོད་གསལ་སྟོན་བྱས་ཡོད་ནའང་རྒྱ་གཞུང་དབང་འཛིན་པས་སྣང་མེད་སྐྱུར་འཇོག་གིས་བོད་མིར་ཉེས་མེད་ཁག་དཀྲི་དང༌། དྲག་གནོན། རྡུང་རྡེག འཛིན་བཟུང་བཀག་བསྐྱིལ་དང༌། དྲང་བདེན་གྱི་ཁྲིམས་བཤེར་མ་བརྒྱུད་པར་བཙོན་འཇུག་དང༌། སྲོག་ཐོག་བཏང་བ་སོགས་མི་སྤྱོད་ལས་འདས་པའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་ཡོད། ད་ཆ་རྒྱ་ནག་གིས་བོད་ཞི་བས་བཅིངས་འགྲོལ་ བཏང་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཟེར་བའི་ལས་འགུལ་སྤེལ་ཆེད། བོད་ནང་དྲག་གནོན་གྱི་སྲིད་བྱུས་ཇེ་དམ་དུ་བཏང་སྟེ། ཕྱི་རྒྱལ་ཡུལ་སྐོར་བ་བོད་ནང་འགྲུལ་བཞུད་བཀག་སྡོམ་དང༌། བོད་མི་ཚོར་དོན་མེད་རྣམ་རྟོག་དགྲར་ལངས་བསུན་གཙེར་སྒོ་ཀུན་ནས་བྱེད་བཞིན་པའི་ ངན་བྱུས་དེ་དག་བཟོད་ཐབས་བྲལ་བས་བོད་ས་ཡོངས་ནས་རྒྱ་གཞུང་གིས་སྲིད་བྱུས་ལངས་ ཕྱོགས་ལ་འདོད་མོས་མེད་པར་ངོ་རྒོལ་རིགས་འབྱུང་བཞིན་པ་དང༌། ཁྱར་པར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྔ་བ་ཁུལ་དུ་ཟླ་གྲངས་དུ་མར་ངོ་རྒོལ་སྐད་འབོད་བྱུང་བར་ཚབས་ཆེའི་དྲག་ གནོན་དང༌། ཉེ་ཆར་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ནས་ཁམས་དཀར་མཛེས་རྫོང་དུ་དགེ་འདུན་ཚེ་དབང་བཀྲ་ཤིས་དང༌། དགེ་འདུན་འགྱུར་མེད་བསོད་ནམས་གཉིས་ཀྱིས་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ྋགོང་ས་མཆོག་བོད་ནང་མྱུར་དུ་གདན་ཞུ་གནང་དགོས། བོད་ལ་རང་དབང་དགོས་ཞེས་སོགས་ཞི་བའི་སྐད་འབོད་གནང་ཡོད། དེ་ནས་བཟུང་ཚེས ༧།༡༥།༡༧།༡༨།༡༩།༢༠ བཅས་སོ་སོར་ཁམས་དཀར་མཛེས་རྫོང་ཕྱོགས་སུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་དང༌། སྐད་འབོད། སྦྱར་ཡིག་བཀྲམ་པ་སོགས་དགེ་འདུན་པ་དང༌། བཙུན་མ། མི་མང་བཅས་ཀྱིས་ཞི་རྒོལ་རྒྱུན་མི་ཆད་པར་སྤེལ་བར། རྒྱ་གཞུང་གིས་བོད་མིར་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་རྐྱེན་གྱིས་ངོ་རྒོལ་ བྱུང་བ་ཡིན་པར་ངོས་མ་ཟིན་པར་བོད་མིར་ཉེས་མིང་འདྲ་མིན་བཏགས་ཏེ། ད་བར་ཤེས་རྟོགས་བྱུང་བར་གཞིགས་ན་མི་གྲངས་ ༢༢ འཛིན་བཟུང་གིས་རྡུང་རྡེག་དང༌། བཙོན་འཇུག་མནར་གཅོད་གཏོང་བཞིན་པར་བོད་མི་རྣམས་སེམས་འཚབ་ཆེན་པོའི་ངང་ཁོང་རྣམ་པའི་ཚེ་སྲོག་གི་རིན་ཐང་དང༌། གཟུགས་ཁམས་འཕྲོད་བསྟེན། ཟས་གོས་གནས་མལ་བཅས་ཐད་ཇི་ལྟར་འབྱུང་གི་ཡོད་མེད་དོགས་གནས་སུ་གྱུར་ཡོད། ད་ཆ་དཀར་མཛེས་ཕྱོགས་ཀྱི་དགོན་གྲོང་ཚང་མར་དམ་དབསྒྲགས་ཤུགས་ཆེར་བྱེད་བཞིན་པ་དང༌། དགེ་བཙུན་ཚོར་ཡར་མར་འགྲོ་བསྐྱོད་བཀག་སྡོམ། ནད་མནར་སོགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་བསྐྱོད་དགོས་ཆགས་ཚེ་འགན་ལེན་མི་སྣ་ མཉམ་ཁྲིད་དགོས་པ། དགོན་སྡེ་ཁག་ཏུ་རྒྱ་གཞུང་གི་མི་སྣ་ཡོང་སྟེ་དགོན་པ་སྒོ་རྒྱག་རྒྱུ་ཡིན་ཚུལ་ སྡིགས་ར་བསྐུལ་བ་དང༌། བསུན་གཙེར། འཇིགས་སྐུལ་རྒྱུན་མཐུད་བྱེད་བཞིན་པའི་སྲིད་བྱུས་ཐབས་རྡུགས་འདི་རིགས་རྒྱ་གཞུང་གིས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཤུགས་དྲག་བྱ་རྒྱུ་དང༌། དེ་བཞིན་རྒྱལ་སྤྱིའི་གཞུང་ཁག་དང༌། སྒྲིག་འཛུགས་ཁག ཚོགས་སྡེ་ཁག་བཅས་ཀྱིས་དཀར་མཛེས་ཕྱོགས་ཀྱི་བོད་མི་འཛིན་བཟུང་དང༌། བཙོན་འཇུག་བྱས་པ་དེ་དག་མྱུར་དུ་གློད་བཀྲོལ་ཡོང་ཐབས་སུ་རྒྱ་གཞུང་ལ་སྐུལ་མ་དང༌། གནོན་ཤུགས། གནས་ཚུལ་རྩད་གཅོད་ཡོང་ཐབས་གནང་དགོས་པའི་གཞེན་བསྐུལ་ནན་པོ་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༣ ལ།།