༢༠༡༡ ཟླ་ ༦ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གླིང་ཆེན་གྱི་རྒྱ་མཚོའི་མཐའ་མཚམས་སུ་ཆགས་པའི་མཛེས་སྡུག་ལྡན་པའི་གྲོང་སྡེ་སན་ཤ་ཡིན་ཀོ་སི་ (Sunshine Coast) ཞེས་པར་རྟེན་གཞི་བྱས་པའི་སྤྱན་རས་གཟིགས་ནང་པའི་ཆོས་ཚོགས་སུ་དགེ་བཙུན་གྲངས་ ༥༠༠ བརྒལ་བ་ཙམ་དང་གཞན་ཡང་མི་སྐྱ་ཕོ་མོ་རྣམས་ལ་ནང་ཆོས་ཀྱི་ཆོ་ག་ཕྱག་ལེན་ཙམ་ལ་མགོ་མ་འཁོར་བར་ནང་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། སྤྱིར་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་འདི་བཞིན་སྲོལ་རྒྱུན་ནས་ནང་པའི་རྒྱལ་ཁབ་གཅིག་མིན་ནའང་ནང་ཆོས་ཀྱིས་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་བཞིན་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་སྐོར་བཀའ་སློབ་སྩལ།
དེ་རྗེས་ཆོས་ཚོགས་དེར་མང་ཚོགས་གྲངས་ ༣༥༠༠ བརྒལ་བར་བྱམས་བརྩེའི་སྐོར་བཀའ་སློབ་སྩལ་བ་མ་ཟད། ཆོས་ཚོགས་ཀྱི་ཉེ་འཁྲིས་སུ་གསར་དུ་བསྐྲུན་པའི་སྐྱེད་མོས་ཚལ་དབུ་འབྱེད་བཀྲིན་བསྐྱངས་གནང་མཛད་པ་མ་ཟད། སྐྱེད་མོས་ཚལ་དེའི་ནང་སྟོན་པའི་སྐུ་བརྙན་བརྒྱད་བཞེངས་ཡོད་པ་རྣམས་ལ་རབ་གནས་བཀའ་དྲིན་བསྐྱངས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་གྲོང་ཚོ་དེའི་གུ་པི་གུ་པི་ཞེས་པའི་གདོད་མའི་མི་རིགས་ཀྱི་འཁྲབ་སྟོན་པ་རྣམས་ནས་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས།
ཕྱོགས་མཚུངས་མཛད་སྒོའི་སྐབས་གྲོང་སྡེའི་སྤྱི་ཁྱབ་པ་བྷོཊ་ཨེ་བྷོཊ་ (Mayor Mr Bob Abbot) མཆོག་དང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་པི་ཊར་སི་ལི་པར་ (Peter Slipper) མཆོག་ཕེབས་ཡོད་པ་མ་ཟད། གྲོང་ཚོ་དེའི་སློབ་གྲྭའི་སློབ་ཕྲུག་གྲངས་ ༤༠༠ ཙམ་ནས་ཀྱང་མཉམ་ཞུགས་བྱས་ཡོད།།