༢༠༡༡ ཟླ་་༦ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་གཉིས་ཀྱིས་གོ་སྒྲིག་ཐོག་མཐོ་སློབ་ཁག་གཙོ་བོར་གྱུར་བའི་བོད་རིགས་གཞོན་སྐྱེས་ཚོར་འཇིག་རྟེན་ལས་འདས་པར་བསྟོད་པ་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཉིན་སྔ་དྲོ་ ༨།༣༠ ཐོག་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག་གིས་དབུས་དགེ་འདུན་རྣམ་པ། བོད་ཁྱིམ་སློབ་གྲྭ་ཁག་གི་དབུ་འཛིན་རྣམ་པ། མཐོ་སློབ་ཁག་གི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༣༥༠༠ བརྒལ་བ་ལྷན་འཛོམས་ཐོག་བོད་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་དང་ལེགས་བཤད་བསྟན་པ་ལགས། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་མགོན་པོ་གང་ཉིད་མཆོག་བོད་ཁྱིམ་ཚོགས་ཁང་ནང་༸ཞབས་སོར་འཁོད་རྗེས་ཐོག་མར་དམའ་རིམ་འཛིན་གྲྭའི་སློབ་ཕྲུག་ཁག་གཅིག་ནས་རིགས་ལམ་གྱི་རྟགས་གསལ་གཟིགས་འབུལ་ཞུས། དེ་ནས་༸གོང་ས༌༉༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་རྟགས་གསལ་གཏོང་རྒྱུའི་སློབ་ཁྲིད་དེས་ཕན་ཐོགས་ཡོད་མེད་བཀའ་འདྲི་དང་སྦྲགས་བཀའ་སློབ་ཕེབས་དོན། ཚང་མར་བཀྲིས་བདེ་ལེགས་ཡོད། རིགས་ལམ་བསླབ་པའི་དགོས་དོན་ནི་སློབ་སྦྱོང་བྱས་པ་དེ་ཤེས་རྟོགས་ཡོང་རྒྱུ་ཁོ་ན་ཡིན་པར་དཔྱད་པ་བྱེད་སྟངས་སློབ་ཀྱི་ཡོད། དཔེ་ཆའི་ནང་རྟགས་གསལ་གཏོང་སྟངས་དེ་དག་གསུང་ཡོང་གི་ཡོད། དེ་བཞིན་དཔེ་ཆའི་ནང་ལམ་བསྟན་པ་དེ་འཁྱེར་ཏེ་དཔྱད་པ་བྱེད་ཀྱི་ཡིན་ན་ཧ་ཅང་ཕན་ཐོགས་ཡོད། བར་སྐབས་ང་ཚོ་ཚན་རིག་པ་དང་བགྲོ་གླེང་བྱེད་རྒྱུ་དེ་འདྲ་བྱུང་ཡོད། རིམ་པས་ང་ཚོའི་གྲྭ་སའི་དཔེ་ཆ་བ་སོ་སོ་འདོད་བློ་ཡོད་ན་ཧྲག་བསྡུས་བརྒྱབ་སྟེ་ཚན་རིག་སློབ་སྦྱོང་བྱེད་རྒྱུ་དེ་འདྲ་ལོ་ཁ་ཤས་ཕྱིན་རེད། ང་ཚོའི་འདིར་ཚན་རིག་སློབ་ཁྲིད་བྱེད་པར་ཡོང་མཁན་དགེ་རྒན་མང་པོ་ཞིག་གི་སློབ་ཁྲིད་བྱས་ཏེ་གྲྭ་སའི་ནང་དཔེ་ཆ་ལྟ་མཁན་དེ་ཚོའི་གྲས་ཀྱིས་ཨང་རྩིས་ཕལ་ཆེར་ཤེས་ཀྱི་མེད། འོན་ཀྱང་དོན་དག་འགྲེལ་བཤད་རྒྱག་དུས་ལམ་སེང་དཔྱད་པ་བྱེད་རྒྱུ་སོགས་གོ་རྟོགས་ཟབ་མོ་མི་འདྲ་ཞིག་ཡོང་གི་འདུག་ཅེས་དགའ་པོ་བྱེད་ཀྱི་འདུག ཚན་རིག་པ་ང་ཚོར་སློབ་ཁྲིད་བྱེད་མཁན་སྔ་རྗེས་ཁ་ཤས་ཐུག་མྱོང་བ་དེ་དག་གིས་ཞེ་དྲག་དགའ་པོ་བྱེད་ཀྱི་འདུག སློབ་ཚན་གང་ཞིག་ཡིན་ནའང་བསམ་བྱུང་གི་ཐོག་ནས་ངེས་པ་རྙེད་པ་ཞིག་ཡོང་རྒྱུའི་སླད་དཔྱད་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དཔྱད་པ་བྱེད་རྒྱུ་དེའང་ཚིག་གི་བརྡར་ཤ་དཔྱད་དེ་དོན་དག་མཐིལ་ཕྱིན་པ་ཤེས་རྒྱུ་ཞིག་དགོས་ཀྱི་ཡོད། ངོས་སྒེར་ཀྱི་ལོ་རྒྱུས་བཤད་ན་ཚན་རིག་པ་དང་ལྷན་ང་ཚོ་ཐུག་སྟེ་བགྲོ་གླེང་དང་གོ་བསྡུར་བྱེད་སྐབས་ཚན་རིག་སྡེ་ཚན་མི་འདྲ་བའི་ནང་སོ་སོས་གསལ་བཤད་ཀྱི་ངོ་སྤྲོད་བྱེད་སྐབས། ཚན་རིག་པ་སོ་སོས་ཡིད་ཆེས་གདེང་འཁེལ་བྱས་ཏེ་བཤད་པར་དྲི་བ་དྲིས་ལན་བྱས་ཏེ། ཁྱེད་རང་འདི་འདྲ་ཞིག་གསུང་གི་འདུག་པས། འདི་ཡིན་ན། འདི་ཡིན་དགོས་ཀྱི་རེད། འདི་ཡིན་ན་འདི་འདྲ་ཞིག་གི་གནད་འགག་འདུག་ཅེས་ཤོད་སྐབས་གོང་དུ་ཁོང་ཚོས་གདེང་འཁེལ་ནས་བརྗོད་པ་དེར་གཞི་ནས་ཐེ་ཚོམ་སྟེང་སླེབས་ཏེ་བསམ་བློ་གཏོང་དགོས་པ་དེ་འདྲ་སྐབས་རེ་ཡོང་གི་འདུག ང་ཚོ་ཚན་རིག་པ་མིན་ལ་ཨང་རྩིས་ཀྱང་ཤེས་ཀྱི་མེད། དཔྱད་པ་བྱེད་སྟངས་དེ་རིགས་ལམ་བསླབ་རྐྱེན་ཧ་ཅང་ཟབ་པོ་ཞིག་ཡོང་གི་ཡོད་པ་ཕལ་ཆེར་རེད། ང་རང་ཚོས་ནམ་རྒྱུན་ཤེས་རབ་ཆེ་བ། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། ཤེས་རབ་ཟབ་པ་ཤོད་ཀྱི་ཡོད། དེ་བཞིན་ཐོས་བྱུང་དང་བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་གསུམ་པོ་དེ་སློབ་ཚན་གང་ཞིག་ཡིན་ནའང་དགོས་ངེས་ཤིག་ཆས་ཡོད། ཐོས་བྱུང་ཤེས་རབ་ཀྱི་སློབ་ཚན་དེ་དོན་དག་དགེ་རྒན་གྱི་འགྲེལ་བཤད་བརྒྱབ། ཅེས་སོགས་སྔོན་འགྲོའི་བཀའ་ཆོས་རྗེས་སྟོན་པ་ཐུབ་པའི་དབང་པོར་འཇིག་རྟེན་ལས་འདས་པར་བསྟོད་པ་དང་། ཟབ་མོ་རྟེན་འབྲེལ་གྱི་བསྟོད་པ་གསུང་ཆོས་སྩལ་གྲུབ་རྗེས་དྲི་བ་དྲི་ལན་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས།
ད་ཐེངས་བོད་རིགས་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་འདི་ནི་ཐེངས་ལྔ་པ་དེ་ཡིན་པ་དང། ཐེངས་འདིར་ས་གནས་འདྲ་མིན་ཁག་ ༧༠ ནས་མཐོ་སློབ་ཁག་ ༧༨ ཀྱི་སློབ་ཕྲུག་གྲངས་ ༣༠༤༨ ཙམ་སླེབས་ཡོད་འདུག
༸གོང་ས་མཆོག་གིས་མཐོ་སློབ་ཁག་གི་བོད་རིགས་གཞོན་སྐྱེས་ཚོར་འཇིག་རྟེན་ལས་འདས་པར་བསྟོད་པ་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་པ།
གསར་གནས།
འབྲེལ་གནས།