༢༠༡༡ ཟླ་ ༦ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༧ རེས་གཟའ་མིག་དམར་གྱི་ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལན་ཌིའི་གྲོང་ཁྱེར་ཁ་རི་སིཊ་ཆར་ཆ་(Christchurch) ཞེས་པར་འདི་ལོའི་ཕྱི་ཟླ་ ༢ ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེའི་འོག་མི་གྲངས་ ༡༨༡ ཙམ་རྐྱེན་འདས་སུ་ཕྱིན་པའི་རྗེས་ཤུལ་ནང་མི་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་ ༥༠༠༠ ཙམ་ལ་ཀེན་ཊར་བྷུ་རིའི་རྩེད་ཐང་ཆེན་མོར་ (CBS Canterbury Arena) བཀའ་སློབ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ་འདི་ལོ་ཕྱི་ཟླ་ ༢ ནང་ས་གནས་འདིར་བརྒྱབ་པའི་ས་ཡོམ་གྱི་གོད་ཆག་སྔོན་འགོག་བྱེད་རྒྱུ་དེ་ནི་ང་ཚོའི་ནུས་པ་ལས་འདས་པ་ཞིག་ཡིན། ངོས་རང་ས་གནས་འདི་དང་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་པར་བརྟེན་ད་རེས་ངོས་རང་དངོས་སུ་འདིར་བསླེབས་ནས་འབྱུང་བའི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བའི་རྗེས་ཤུལ་ནང་མི་སྤུན་མཆེད་ཚོ་དང་དངོས་སུ་ཐུག་སྟེ་སེམས་གསོ་བྱེད་རྒྱུ་དེ་ནི་ངོས་ཀྱི་ལས་འགན་ཞིག་རེད། རྐྱེན་ངན་དེ་འདྲ་བྱུང་ཡོད་ནའང་སེམས་སྡུག་བྱས་ཏེ་མ་སྡོད་པར་སྙིང་སྟོབས་བསྐྱེད་དེ་སེམས་སྡུག་ལས་རྒྱལ་ཐབས་ཀྱིས་གོམ་པ་མདུན་སྤོས་ཐོག་མི་ཚེ་བསྐྱལ་ཐབས་བྱེད་རྒྱུ་དང་། སྙིང་སྟོབས་དང་ཆོད་སེམས་འཕར་མ་ཞིག་བསྐྱེད་དེ་རྐྱེན་ངན་གྲོགས་སུ་འགྱུར་ཐབས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ད་ཆ་ཡུལ་པ་ཚོས་མདུན་ལམ་གསར་པ་ཞིག་དང་མི་ཚེ་གསར་པ་ཞིག་བསྐྱལ་དགོས་པའི་དུས་ཤིག་ཤར་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཕྱོགས་མཚུངས་སྐབས་དེར་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཡང་གསུང་འདོན་གནང་ཡོད་པ་བཅས།།
༸གོང་ས་མཆོག་གིས་མང་ཚོགས་ལྔ་སྟོང་ཙམ་ལ་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།