༢༠༡༡ ཟླ་ ༦ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཨ་རིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་ཁོང་གི་དམིགས་བསལ་སྐུ་ཚབ་མཆོག་དང་རྒྱ་ནག་གཞུང་གཉིས་དབར་དོན་ཕན་སོན་པའི་གཉིས་མོལ་གྱི་འབྲེལ་མོལ་ཞིག་ཡོང་རྒྱུར་ཨ་རིའི་སྲིད་གཞུང་གིས་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་ཞེས་ཨ་རིའི་ནང་སྲིད་ལས་ཁུངས་ཀྱི་ལས་དྲུང་གཞོན་པ་སྐུ་ཞབས་ཌེ་ནི་ཡལ་བྷ་ཡར་ (Dr.Daniel Baer) མཆོག་གིས་རེས་གཟའ་ཕུར་བུའི་ཉིན་གསུང་དོན། ང་ཚོའི་དམིགས་ཡུལ་དེ་རྒྱ་ནག་གཞུང་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་ཁོང་གི་དམིགས་བསལ་སྐུ་ཚབ་དབར་དོན་སྙིང་ལྡན་པའི་གྲོས་མོལ་ཐོག་བོད་ཀྱི་ཐུན་མིན་སྐད་ཡིག་དང་ལེགས་བྱང་སྲུང་སྐྱོབ་ཐུབ་པའི་ཐོག་ཕྱི་ལོ་ ༢༠༠༢ ལོར་བོད་མིའི་ཐོག་བཞག་པའི་སྲིད་བྱུས་ (Tibetan Policy Act of 2002) ཀྱི་མངོན་འདོད་རྣམས་བསྒྲུབ་རྒྱུ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིས་ངོས་འཛིན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བོད་མི་ཚོར་སྤྲད་པའི་ཐོག་བོད་མི་རྣམས་བརྟན་ལྷིང་ལྡན་པའི་སྤྱི་ཚོགས་ནང་ཡར་རྒྱས་ཀྱི་འཚོ་བ་བསྐྱལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་མ་ཟད། བོད་མི་ཚོས་རང་བཙན་མ་རྩོད་པར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་གི་ཐོག་ནས་བོད་མིའི་ཐུན་མིན་ལེགས་བྱང་དང་སྐད་ཡིག དེ་བཞིན་ཉག་ཕྲ་བའི་བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྲུང་སྐྱོབ་བྱ་རྒྱུའི་དགོས་འདུན་འདོན་བཞིན་ཡོད། དེར་བརྟེན་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ནས་ད་བར་རྒྱ་ནག་གཞུང་ཕྱོགས་ནས་ཨ་རིས་འབད་བརྩོན་ཇི་ལྟར་བྱས་མིན་ལ་མ་ལྟོས་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་དང་ལྷན་གྲོས་མོལ་ཐེངས་གཅིག་ཀྱང་གནང་མེད་པ་དེ་བློ་ཕམ་ཡོད་ཅེས་གསུངས་ཡོད་པ་མ་ཟད།
རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་དང་ལྷན་གྲོས་མོལ་གནང་སྟེ་བོད་ཀྱི་དཀའ་ངལ་སེལ་རྒྱུ་དེ་བོད་མི་ཙམ་མིན་པར་རྒྱ་ནག་གཞུང་ལའང་ཁེ་ཕན་ཡོད། བོད་རིགས་གནས་སྡོད་བྱེད་སའི་བོད་ཀྱི་ས་ཁུལ་ཁག་གི་ནང་ད་ལྟ་རྒྱ་ནག་གཞུང་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་གདོང་ལེན་བྱ་རྒྱུར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མཐུན་འགྱུར་ཞུ་ཐུབ། གང་ཡིན་བརྗོད་ན་བོད་མི་མང་ཆེ་བས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཞུ་བཞིན་ཡོད་པས། ཁོང་གི་བཀའ་དང་ལེན་ཞུ་རྒྱུ་རེད། དེར་བརྟེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་བོད་རྒྱའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་དེ་མཐར་ཐུག་གི་ཐབས་ལམ་ཞིག་ཆགས་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བོད་རིགས་གནས་སྡོད་བྱེད་སའི་བོད་ཀྱི་ས་ཁུལ་ཁག་གི་དཀའ་ངལ་རྣམས་སེལ་མ་ཐུབ་ཚེ་མཐར་རྒྱ་ནག་སྐམ་སའི་ནང་དཀའ་ངལ་འཕྲད་རྒྱུ་ཡིན་པར་བརྟེན། རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་དང་འཛུགས་སྐྲུུན་ལ་འགོག་རྐྱེན་བཟོ་ངེས་ཡིན་ཞེས་གསུངས་པ་དང་། ཡང་ཁོང་གིས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་མུ་མཐུད་སྤེལ་ཏེ་བོད་པའི་དགེ་འདུན་པ་ཚོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུའི་བཙན་བཀའ་བཏང་བ་དང་བོད་རིགས་ཀྱི་སློབ་གྲྭའི་ནང་བོད་ཡིག་བརྒྱུད་ལམ་གྱི་སློབ་ཚན་སྦྱོང་རྒྱུར་དམ་བསྒྲགས་བྱས་པ་དེ་དག་གིས་བོད་མི་ཚོའི་རྒྱ་གཞུང་ལ་སྡང་ཟུག་ཆེ་རུ་འགྲོ་རྒྱུ་དང་ བོད་ནང་དཀའ་ངལ་བཟོ་རྒྱུ། དེ་བཞིན་ཆབ་སྲིད་མི་སྣ་མིན་པའི་བོད་མི་སྙན་གྲགས་ཅན་མང་པོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་བཞིན་པ་དེས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དཀའ་ངལ་ཇི་ཡོད་གསལ་པོ་ཤེས་ཐུབ། ཨ་རིའི་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱབ་སྐྱོར་དེ་ཚད་མཐོ་བོ་ཞིག་དང་རྒྱུན་སྲིང་ཐོག་ཞུ་རྒྱུ་ཡིན། ང་ཚོའི་རེ་འདུན་གང་བཏོན་པ་དེར་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ཡར་ལན་ཞིག་ཡོང་རྒྱུར་ང་ཚོས་མུ་མཐུད་འབད་བརྩོན་ཞུས་པའི་ཐོག་བོད་ཀྱི་ས་ཁུལ་ཁག་གི་ནང་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་གཞུང་འབྲེལ་མིན་པའི་མི་སྣ་བཅས་རྟོག་ཞིབ་ཆེད་འགྲོ་བསྐྱོད་ཀྱི་ཆོག་མཆན་སྤྲོད་རྒྱུར་སླར་ཡང་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད། ད་དུང་ལོ་གཉིས་རིང་ཨ་རིའི་གཞུང་གིས་རྒྱ་བལ་འབྲུག་གསུམ་གྱི་ནང་བོད་མི་གནས་སྡོད་ཀྱི་གཞིས་ཆགས་ཁག་གི་ནང་སྐྱེ་ལྡན་སོ་ནམ་ཡར་རྒྱས་ཆེད་རོགས་རམ་ཞུ་རྒྱུ་དང་། དེར་བརྟེན་བོད་མི་ན་གཞོན་ཚོར་དཔལ་འབྱོར་ཡར་རྒྱས་ཀྱི་གོ་སྐབས་ཐོབ་སྟེ་བོད་རིགས་གཞོན་སྐྱེས་ཚོ་ཁ་ཐོར་མ་ཕྱིན་པར་གཞིས་ཆགས་ཁག་གི་ནང་རྒྱུན་གནས་འཚོ་ཐབས་བྱེད་ཐུབ་པ་ཞིག་ཡོང་རྒྱུ་ཡིན། དེ་འདྲ་ཞིག་བྱུང་བ་ཡིན་ན་བོད་མི་ཚོས་གཞིས་ཆགས་སྲ་བརྟན་ཐོག་རང་གི་ལེགས་བྱང་དང་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ། ཅེས་སོགས་འཁོད་ཡོད།