༢༠༡༡ ཟླ་ ༦ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། འདི་གར་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༠ ཉིན་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་བཏང་གནས་ནང་འཁོད་དོན། འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་བརྩེ་ཆེན་ཀུན་ཁྱབ་གླིང་གཙུག་ལག་ཁང་དབུ་འབྱེད་གནང་བ་དང་། ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་ཡོད། ཨ་རིའི་ནིའུ་ཡོཀ་གྲོང་ཁྱེར་གྱི་ཡར་ནང་ན་ཝར་ལྡན་ (Walden) ཞེས་པའི་གྲོང་སྡེ་ཆུང་ཆུང་ཞིག་ཡོད་ཅིང་། རྣམ་ཀུན་མི་ཚོགས་ཉུང་ཞིང་། ཤིན་ཏུ་དབེན་པའི་གྲོང་ཚོ་དེའི་ནང་ས་ག་ཟླ་བའི་དུས་ཚོས་ཁྱད་པར་ཅན་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༦ པའི་ཚེས་ ༡༩ ཉིན་བོད་རིགས་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་སྣ། རྒྱ་རིགས། ཕྱི་རྒྱལ་མི་རིགས་བཅས་མང་ཚོགས་གསུམ་སྟོང་ཙམ་འདུ་འཛོམས་བྱུང་ཡོད་པ་དེ་དག་ནི་བརྩེ་ཆེན་ཀུན་ཁྱབ་གླིང་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོ་དང་།
གཙུག་ལག་དབུ་འབྱེད་མཛད་མཁན་འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གི་ཚེ་དབང་ལ་ཆེད་བཅར་ཞུས་པ་ཞིག་རེད་འདུག བརྩེ་ཆེན་ཀུན་ཁྱབ་གླིང་ས་སྐྱའི་ཆོས་ཚོགས་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་ལ་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་སྐྱོང་ཡོང་བའི་རེ་འདུན་གནང་བ་ལྟར་ཁོང་གིས་མཛད་སྒོར་གསུང་བཤད་དོར་བསྡུས་ཤིག་གནང་བའི་ཐོག་མར་མཛད་སྒོར་ཕེབས་པའི་ཕྱི་རྒྱལ་མི་རིགས་དང་། གཙུག་ལག་ཁང་གསར་བཞེངས་ལས་དོན་ལ་ཕྱར་གྲུ་མཉམ་འདེགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་རྗེས་གསུང་དོན། ཉེ་བའི་ལོ་ཤས་ནང་བྱང་ཨ་རིའི་ཁུལ་དུ་བོད་མིའི་མི་འབོར་འཕར་སྣོན་འགྲོ་བཞིན་པ་དང་ཆབས་ཅིག་བོད་པའི་ཆོས་ཚོགས་ཀྱང་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་དག་གི་ཁྲོད་ནས་དོན་གཅོད་ལས་ཁུངས་ལ་དང་བླངས་ཐོག་ནས་འབྲེལ་བ་ཞུ་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད། དཔེར་ན། བརྩེ་ཆེན་ཀུན་ཁྱབ་གླིང་ཆོས་ཚོགས་ལ་ཆ་བཞག་ན་དོན་གཅོད་ལས་ཁུངས་དང་རྒྱུན་དུ་ནས་འབྲེལ་བ་དམ་ཟབ་ཡོད་ཅིང་།
ང་རང་ཚོ་བོད་མི་ཙམ་མ་ཟད། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་སྣ་ཧ་ལམ་ཆོས་ཚོགས་འདིར་ཕེབས་མ་མྱོང་མཁན་ཡོད་ཀྱི་མ་རེད། དེ་ལྟའི་འབྲེལ་བ་འདིས་བོད་ཀྱི་ཆོས་དང་། རིག་གཞུང་། གོམས་གཤིས་བཅས་ང་རང་ཚོའི་རྒྱུད་ལ་འཇགས་པ་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པར་ངོས་འཛིན་ཞུ་གི་ཡོད་ཅེས་དང་།
ཡང་ཁོང་གིས་གསུང་དོན། བོད་མི་བཙན་བྱོལ་བའི་གནས་སྟངས་འགྱུར་མཚམས་ཆེན་པོ་ཞིག་ལ་སླེབས་ཡོད། ང་རང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་རང་ཡུལ་བོད་ལ་ཕྱིར་ལོག་བྱེད་རྒྱུ་དེ་ཡིན། དེ་ལྟའི་དམིགས་ཡུལ་བསྒྲུབ་པར་བཙན་བྱོལ་བ་རྣམས་སྔར་ལས་ལྷག་པའི་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་པ་དང་། ང་ཚོའི་སྒྲིག་འཛུགས་འདི་སྲ་བརྟན་ཞིག་དགོས་ཀྱི་ཡོད་པ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། འདས་པའི་མི་ལོ་ ༥༢ ལ་ཕྱིར་མིག་བལྟས་ཚེ། ང་ཚོའི་སྒྲིག་འཛུགས་འདིའི་གནས་སྟངས་ནི་ང་རང་ཚོ་ཚང་མ་སྤོབས་པ་སྐྱེ་དགོས་པ་ཞིག་ཆགས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཚོགས་ཡོངས་ལ་གསུང་བཤད་གནང་སྐབས། ནུབ་ཕྱོགས་ཡུལ་གྲུ་ཁག་ནང་བོད་ཀྱི་ཆོས་དང་། རིག་གཞུང་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་དུས་སྐབས་འདིར་གྲོང་སྡེ་འདིའི་ནང་དུ་ཡང་ཚང་མར་ཕན་པའི་ཆེད་དུ་གཙུག་ལག་ཁང་ཞིག་གསར་བཞེངས་ཐུབ་ན་ཞེས་ཕྱི་ལོ་ ༢༠༠༠ ཙམ་ནས་སྐད་ཆ་བྱུང་བ་ལྟར་དེ་རིང་དངོས་སུ་གསར་བཞེངས་ལེགས་པར་གྲུབ་སྟེ། ཚང་མས་ཐུགས་འཁུར་ཆེ་བཞེས་ཀྱིས་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་དང་། ཡང་རིན་པོ་ཆེ་མཆོག་གིས་གསུང་དོན། གཙུག་ལག་ཁང་འདི་འདྲ་ཞིག་བཞེངས་དགོས་པའི་དོན་དག་གཙོ་བོ་ནི་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འགྲོ་བ་ཡོངས་ལ་ཕན་པའི་ཆེད་དུ་ཡིན་པས། དེའི་ཐོག་ཚང་མས་འབད་བརྩོན་གནང་རོགས། གཙུག་ལག་ཁང་གསར་བཞེངས་ལ་ཕྱག་རོགས་གནང་མཁན་ཡོངས་དང་། ལྷག་པར་ས་གནས་ཡུལ་མི་རྣམས་ཀྱིས་བརྩེ་བ་ཆེན་པོའི་སྒོ་ནས་གཞོགས་འདེགས་གནང་བར་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད། དབུ་འབྱེད་ཀྱི་མཛད་སྒོ་གྲུབ་རྗེས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་སེར་མང་ཚོགས་གསུམ་སྟོང་ཙམ་ལ་ཚེ་དབང་གནང་ཡོད། བརྩེ་ཆེན་ཀུན་ཁྱབ་གླིང་གཙུག་ལག་ཁང་དབུ་འབྱེད་མཛད་སྒོ་དང་། ཚེ་དབང་ལ་བོད་མི་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་སྣ། སོག་རིགས། རྒྱ་རིགས། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༣༠༠༠ ལྷག་ཙམ་ནས་མཉམ་ཞུགས་གནང་ཡོད་པ་བཅས།