༢༠༡༡ ཟླ་ ༦ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་གཞིས་ཆགས་དང། སློབ་གྲྭ་ཁག དེ་བཞིན་ལྷོ་ཕྱོགས་དགོན་སྡེ་ཁག་བཅས་ཀྱི་སྨན་ཞབས་པ་རྣམས་ལ་ཚད་མཐོའི་ཀྲི་བི་ནད་གཞི་སྔོན་འགོག་གི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་དབུས། འཕྲོད་བསྟེན་དྲུང་ཆེ་དབང་ཕྱུག་ཕ་ཟུར་ལགས་དང། འཕྲོད་བསྟེན་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། ཨི་ཊ་ལི་ཚོགས་པའི་སྐུ་ཚབ་སྨན་པ་ཕུལ་ཝི་ཨོ་སེལ་ཝོ་(Dr.Fulvio Salvo) ལགས། བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས། དེ་བཞིན་ཟབ་སྦྱོང་དུ་ཕེབས་པའི་སེ་ར་བྱེས་སྨད་དང། འབྲས་སྤུངས། དགའ་ལྡན། རྣམ་གྲོལ་གླིང་བཅས་ཀྱི་དགེ་འདུན་པ། བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་གི་སྨན་ཞབས་པ་བཅས་ཁྱོན་མི་གྲངས་ ༢༠ བརྒལ་བ་ལྷན་ཚོགས་ཀྱིས་ཐོག་མར་བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་སྐབས་གཞིས་བྱེས་གཉིས་ཀྱི་ནང་ཀྲི་བི་ནད་གཞི་ཛ་དྲག་གི་གནས་སུ་གྱུར་ཡོད་པར་བརྟེན། ནད་གཞི་འདིའི་ཐོག་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་འགན་ཆེན་པོ་ཡོད་སྐོར་གསུང་བཤད་གནང་གྲུབ་བསྟུན།
ཀྲི་བི་ལས་གཞིའི་ཐོག་ལོ་མང་ནས་རྒྱབ་སྐྱོར་གནང་མཁན་ཨི་ཊ་ལི་ཚོགས་པའི་སྐུ་ཚབ་སྨན་པ་ཕུལ་ཝི་ཨོ་སེལ་ཝོ་ལགས་ཀྱིས་ MDR དང་ XDR ཞེས་པའི་ཀྲི་བིའི་ནད་གཞི་དེ་ང་ཚོ་མིས་བཟོས་པའི་དཀའ་ངལ་ཞིག་ཡིན་སྟབས་དེ་དག་མི་རང་གིས་སེལ་ཐུབ་ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་བདེ་ལེགས་སྨན་ཁང་གི་འགན་འཛིན་གྱིས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གི་ངོས་ནས་ཀྲི་བི་སྔོན་འགོག་གི་ལས་གཞི་རབ་དང་རིམ་པ་སྤེལ་བར་བརྟེན། ད་ལྟའི་ཆར་བོད་པའི་ནང་ཀྲི་བི་ནད་པའི་གྲངས་འབོར་ཉུང་དུ་ཕྱིན་ཡོད། འོན་ཀྱང་ཀྲི་བི་ནད་གཞིའི་གནས་སྟངས་ནི་ཛ་དྲག་ཏུ་ཕྱིན་ཡོད། དེ་བཞིན་ལས་གཞི་འདི་ཚགས་ཚུད་ཡོང་མིན་དེ་སྤྱིར་འབྲེལ་ཡོད་སྨན་ཁང་ཁག་གིས་ལས་བྱེད་དང་། ཡང་སྒོས་ས་གནས་སུ་ཡོད་པའི་སྨན་ཞབས་པ་ཚོས་གཙོས་ཀྲི་བི་ནད་གཞིའི་སྨན་ཞབས་པ་རྣམ་པར་རག་ལུས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཀྲི་བི་ནད་གཞི་སྔོན་འགོག་གི་ཚད་མཐོའི་ཟབ་སྦྱོང་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། རྣམ་པ་ཚོ་ས་གནས་ཐག་རིང་པོ་ནས་དཀའ་ངལ་ལ་མ་འཛེམས་པར་འདི་གར་ཕེབས་པར་དགའ་པོ་བྱུང། ལྷག་པར་དགེ་འདུན་པ་ཁག་གཅིག་ཕེབས་འདུག་པས་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནད་གཞི་འདིའི་ཐོག་སྤྱི་ཚོགས་ཁྱོན་ཡོངས་ནས་ཐུགས་འགན་བཞེས་རྒྱུའི་ནུས་པ་གསར་པ་ཞིག་བསླེབ་ཀྱི་འདུག་བསམ་པའི་དགའ་ཚོར་བྱུང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཀྲི་བི་ནད་གཞིའི་གྲངས་འབོར་དེ་གང་ཙམ་གྱི་སྤོབས་པ་སྐྱེས་འོས་པའི་ཉུང་དུ་ཕྱིན་ཡོད།
འོན་ཀྱང་བོད་ནང་ཀྲི་བི་ནད་གཞིའི་གྲངས་འབོར་དེ་ཧ་ཅང་མང་པོ་འདུག་ཅེས་སྔོན་མ་ང་རང་ཕྱི་རྒྱལ་དུ་འགྲོ་སྐབས་བོད་ཁམས་ཁུལ་དུ་ལོ་གཉིས་ཙམ་ཀྲི་བི་སྨན་བཅོས་དང་དེའི་ཐོག་ཉམས་ཞིབ་བྱེད་མཁན་པོ་ལན་ཌིའི་སྨན་པ་ཞིག་གིས་གྲོང་གསེབ་ཁ་ཤས་ནང་མི་འབོར་གྱི་བརྒྱ་ཆ་ཧ་ལམ་ ༦༠ ཙམ་ལ་ཀྲི་བི་ནད་གཞི་འདུག་ཅེས་བརྗོད་བྱུང། དེའི་རྒྱུ་མཚན་ནི། དང་པོ། བོད་མིའི་འཚོ་བའི་ཟས་བཅུད་ལ་འགྱུར་བ་ཆེན་པོ་ཕྱིན་པ་དང། གཉིས་པ། རྒྱ་ནག་ནས་ཀྲི་བི་ནད་གཞི་ཡོད་མཁན་བོད་ནང་གནས་སྤོས་བྱས་པ་དེ་ཚོའི་བརྒྱུད་ནས་འགོས་ཀྱི་ཡོད། གསུམ་པ། བོད་ནང་གི་བོད་མིའི་སྤྱི་ཚོགས་ནང་ཀྲི་བི་ཞེས་པའི་ནད་གཞིའི་ངོ་བོ་མ་ཤེས་པ་དང། རྒྱ་ནག་གཞུང་གིས་ཀྲི་བི་ལྟ་བུའི་འགོས་ནད་ཉེན་ཚབས་ཅན་གྱི་ནད་གཞི་ཡོད་པར་ངོས་ལེན་བྱེད་ཀྱི་མེད། གལ་ཏེ་ངོས་ལེན་བྱས་ན་གུང་ཁྲན་ཏང་གི་སྒྲིག་འཛུགས་དེས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་འགན་འཁུར་ཐུབ་ཀྱི་མེད་པའི་རྣམ་པ་གསལ་གྱི་ཡོད་པར་བརྟེན་ངོས་ལེན་མ་བྱས་པར་སྦས་སྐུང་བྱེད་བཞིན་ཡོད། དེ་བཞིན་ཁོང་གིས་གསུང་དོན། རྒྱ་ནག་ལྟ་བུ་མི་འབོར་ཆེན་པོ་ཡོད་པའི་རྒྱལ་ཁབ་ནང་ལུད་པ་བརྟག་དཔྱད་(Culture) བྱེད་ས་མེད་སྟབས་ཧོང་ཀོང་(Hongkong) ལ་གཏོང་དགོས་པར་བརྟེན་ཀྲི་བི་ལྟ་བུའི་ནད་གཞིའི་ཐོག་གུང་ཁྲན་ཏང་གིས་འགན་ག་ཚོད་འཁྱེར་གྱི་ཡོད་པ་གསལ་པོ་མཐོང་གི་འདུག གནད་དོན་དེ་ཚོའི་ཐོག་ནས་བོད་ནང་ཀྲི་བི་(MDR) མང་དུ་འགྲོ་བཞིན་པ་དེར་ང་ལ་ཧ་ཅང་སེམས་འཚབ་འདུག་ཅེས་བརྗོད་བྱུང། དེར་བརྟེན་རྒྱ་གཞུང་ནས་བོད་ནང་གི་གཏེར་དངོས་དེ་དག་ལོངས་སུ་སྤྱད་པ་མ་གཏོགས། བོད་མི་ཚོའི་འཕྲོད་བསྟེན་ཚུན་ཆད་ལ་ལྟ་སྐྱོང་ཡག་པོ་བྱེད་ཀྱི་མེད་སྟབས། ང་ཚོས་བོད་ནང་གནས་པའི་བོད་མིར་འཕྲད་པའི་ཛ་དྲག་ཆེ་བའི་དཀའ་ངལ་དེ་ལས་སྐྱོབས་ཐབས་བྱེད་དགོས། འོན་ཀྱང་དེ་ལྟར་མ་བྱུང་ན་མ་མཐར་བཙན་བྱོལ་ནང་ཀྲི་བི་ནད་གཞི་འདི་རྩ་མེད་དུ་གཏོང་རྒྱུར་ཐུགས་འགན་བཞེས་རོགས། ཞེས་གསུང་བཤད་གནང་ཡོད།
ཐེངས་འདིར་སྨན་ཞབས་པ་ཚོར་ཀྲི་བི་སྔོན་འགོག་གི་ཚད་མཐོའི་ཟབ་སྦྱོང་འདི་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང། བདེ་ལེགས་སྨན་ཁང་། དེ་བཞིན་(AISPO & Italian Corporation) ཞེས་པའི་ཚོགས་པ་བཅས་ནས་གོ་སྒྲིག་གནང་བ་ཡིན་འདུག་པ་བཅས།།