༢༠༡༡ ཟླ་ ༦ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༢ ཉིན་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་ཡུན་རིང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རི་ཆ་ཌི་གེར་ལགས་ཀྱིས་ (Richard Gere) ལྷོ་ཀོ་རི་ཡའི་ (South Korea) རྒྱལ་ས་སི་ཨོལ་(Seoul) ནང་དཔར་རིགས་འགྲེམས་སྟོན་གྱི་ལམ་ནས་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་འཛིན་འོག་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་མྱངས་དང་མྱོང་བཞིན་ཡོད་པ་མང་ཚོགས་ལ་དྲིལ་བསྒྲགས་གནང་ཡོད།
དེ་ཡང་དཔར་རིགས་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོའི་སྐབས་ཁོང་གིས་གསུང་བཤད་གནང་དོན། འདྲ་པར་འདི་ནི་ང་རང་ཕྱི་ལོ་ ༡༩༩༨ ལོར་སྡ་སའི་བཙུན་དགོན་ཞིག་གི་གྱང་ལྡེབས་སུ་བྲིས་འདུག་པ་ནས་པར་ལེན་བྱས་པ་ཞིག་ཡིན། འདྲ་པར་དེའི་ཐོག་འཁོད་པའི་མནར་གཅོད་སོགས་གཏོང་སྟངས་འདིས་རྒྱ་མིའི་བཙོན་ཁང་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ནས་དུས་ད་ལྟ་ཡང་མྱོང་བཞིན་ཡོད་ཅེས་གསུངས་ཡོད། དེ་བཞིན་ཁོང་གིས་ཉེ་ཆར་ཨ་རིའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཨ་རིའི་གཞུང་ཕྱོགས་ནས་བོད་དོན་ཐོག་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་དགོས་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་འཛུགས་དགོས་པ་སོགས་ཀྱི་ཞུ་གཏུགས་གནང་ཡོད།
ཡང་སྐབས་དེར་ཁོང་གིས་མུ་མཐུད་གསུང་དོན། དཔར་རིགས་འདི་དག་གི་ལམ་ནས་བོད་མི་ཚོས་རྒྱ་གཞུང་གི་དབང་འཛིན་འོག་ཚད་ལས་བརྒལ་བའི་དཀའ་སྡུག་མྱོང་བཞིན་ཡོད་པ་ནི་ཀུན་གྱིས་མཐོང་ཆོས་ཤིག་ཆགས་རྒྱུ་ཡིན་པ་རྩོད་མེད་རེད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དྲག་གནོན་འོག་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་ཡོད་པར་བརྟེན། བོད་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད། དཔར་རིགས་འདི་ཚོར་ལྟ་སྐབས་ང་རང་བློ་ཕམ་ཧ་ཅང་ཡོང་གི་འདུག གང་ཡིན་བརྗོད་ན། འདི་ནི་ངས་བོད་རིགས་ཆོས་གྲོགས་ཕོ་མོ་ཚོ་དང་ཧ་ཅང་སེམས་ཐག་ཉེ་བའི་མཛའ་བརྩེའི་འབྲེལ་ལམ་གྱི་མྱོང་ཚོར་བྱུང་བའི་ཆ་ཤས་ཤིག་ཆགས་ཡོད། ཞེས་དང། ཡང་ཁོང་གིས་ནང་ཆོས་དེ་ཧི་མཱ་ལ་ཡ་རི་རྒྱུད་ནས་ཀོ་རི་ཡར་དར་བ་ཞིག་ཡིན་པ་དང་། ཁོང་རང་ཀོ་རི་ཡར་ཕེབས་ཐེངས་དང་པོ་ཆགས་ཡོད་པར་བརྟེན་མཛེས་སྡུག་ལྡན་པའི་ཡུལ་དེར་ཡོང་རྒྱུ་བྱུང་བར་དགའ་པོ་བྱུང་ཚུལ་སོགས་ཀྱི་གསུང་བཤད་གནང་ཡོད། ཕྱོགས་མཚུངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བརྒྱུད་ཀོ་རི་ཡའི་དད་ལྡན་ཆོས་གྲོགས་ཕོ་མོ་མང་པོ་ཞིག་དང་ཁོང་དམིགས་བསལ་འབྲེལ་བ་ཡོད་སྐོར་གསུངས་ཡོད། འགྲེམས་སྟོན་གནང་བའི་དཔར་རིགས་མང་ཆེ་བ་རི་ཆ་ཌི་གེར་ཁོང་རང་ཉིད་ཀྱིས་བརྒྱབ་པ་ཞིག་ཡིན་འདུག་པ་བཅས།།