༢༠༡༡ ཟླ་ ༦ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་དྲིལ་དྲུང་གཞོན་གླང་ཆུང་བློ་བཟང་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༤༦ ཟླ་ ༤ ཚེས་ ༡༦ ཉིན་ཤངས་རྣམ་གླིང་དུ་འཁྲུངས་ཤིང། ཕྱི་ལོ་ ༡༩༥༩ ལོར་བོད་ནས་བཙན་བྱོལ་དུ་འབྱོར་ཏེ་ ༡༩༦༠ ལོར་རྡ་ས་བུ་བཅོལ་ཁང་དུ་སློབ་འཇུག་བྱུང་བ་དང་སྦྲགས་སྐབས་དེར་བཅུ་དཔོན་ཡང་གནང་འདུག ལོ་དེའི་ལོ་མཇུག་ཏུ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཟློས་གར་དུ་བུ་དང་བུ་མོ་གྲངས་ ༣༠ སློབ་འཇུག་གནང་ཁོངས་སུ་ཆེད་གཏོང་གནང་བ་ལྟར་ལོ་ངོ་ ༨ རིང་བུ་ཆུང་བའི་བྲོ་པ་དང། བཅུ་དཔོན། འཛིན་གྲྭའི་རྒན་བདག རིམ་པས་སྒྲིག་འཛུགས་དོ་དམ་པ་དང་གཉེར་པ་སོགས་འགན་འཁུར་རིམ་པ་གནང། ཕྱི་ལོ་ ༡༩༦༧ ལོར་ཤེས་རིག་པར་ཁང་དུ་བསྐོ་གཏོང་ལྟར་པར་རྩ་སྒྲིག་རྒྱུ་སོགས་ཀྱི་སྲི་ཞུ་བསྒྲུབས། ཕྱི་ལོ་ ༡༩༦༨ ལོར་རྩེ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དུ་ཆོས་ཞུགས་ཀྱིས་ལོ་ ༢ ལྷག་ཙམ་སློབ་གཉེར་གནང། ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་གྲ་སྒྲིག་ཚོགས་མི་དང་གློག་དང་རྒྱང་བསྒྲགས་དོ་དམ་པའི་འགན་འཁུར་གནང་འདུག་པ་དང་། དེ་ནས་བཟུང་མི་ལོ་བཅུ་གཉིས་རིང་གཞོན་ནུའི་རུ་དཔོན་དང། ལྷག་པར་གཏམ་བརྗོད་ཟློས་གར་འཁྲབ་སྟོན་པ། རྡ་ས་ས་གནས་རྒྱུན་ལས་སྐབས་གཉིས་ཀྱི་རྩིས་པ་དང། དྲུང་ཆེ་ལས་རྒྱུན་རིང་རྒྱུན་ལས་ཀྱི་ལས་དོན་བྱེད་སྒོ་སྤྱི་དང། བྱེ་བྲག་རྡ་སའི་མི་མང་ཆེད་གསང་སྤྱོད་ཁག་ ༢ དང། གླིང་སྐོར་གྱི་སྐོར་ལམ་གསར་སྐྲུན་བཅས་སྤྱི་ཚོགས་ཞབས་ཞུ་སོགས་ལ་འབད་བརྩོན་ཧུར་སྐྱེད་ཞུས་འདུག ཕྱི་ལོ་ ༡༩༨༥ ལོར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཚོགས་ཆུང་གི་རྒྱུན་ལས་དྲུང་ཆེའི་འགན་འཁུར་རྐང་ལེན་ཞུས། ཕྱི་ལོ་ ༡༩༧༡ ལོར་ཤེས་བྱ་གསར་ཁང་ནས་རེ་སྐུལ་གནང་བ་ལྟར་ཕྱི་ཟླ་ ༢ ཚེས་ ༡ ཉིན་པར་ཁང་གི་ལས་བྱེད་དུ་ཞུགས་ཏེ་པར་སྐྲུན་གྱི་ལས་འཁུར་གནང། ལོ་དེའི་གསུམ་དུས་ཉིན་བཀའ་ཤག་ནས་ཡོངས་གྲགས་གཏན་འབེབས་གསལ་བསྒྲགས་གནང་བ་ལྟར་ཤེས་བྱ་གསར་ཁང་དེ་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་སུ་མིང་བསྒྱུར་མཛད་པར་ཡང་མུ་མཐུད་ཞབས་ཕྱི་ཞུས། ཕྱི་ལོ་ ༡༩༨༡ ཟླ་ ༡ ཚེས་ ༡ ཉིན་གཞུང་ཞབས་སུ་བསྐོ་གཞག་བྱུང་བ་ནས་བཟུང་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༥ བར་སྔ་རྗེས་སུ་བགྲེས་ཡོལ་བགྲེས་ཡོལ་ཕྱིར་འགྱངས་གནང་བའི་དུས་ཚེས་རྗོགས་ཉེར་བརྟེན་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༧ ཉིན་བགྲེས་ཡོལ་བཀའ་འཁྲོལ་ཐོབ་འདུག དེ་རྗེས་ཕྱི་དྲིལ་ལས་ཁུངས་སུ་དགོས་གལ་ཆེ་གཟིགས་ལ་བརྟེན་འབྲེལ་ཡོད་བཀའ་ཤག་བརྒྱུད་རྒྱབ་གཉེར་གནང་དོན་བཞིན། ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡ ཉིན་ལས་བྱེད་བླང་དོར་སྒྲིག་གཞི་དགོངས་དོན་འོག་ལོ་གཉིས་རིང་གཞུང་ཞབས་བསྐྱར་བསྐོ་གནང་སྟེ་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༣༠ བར་གཞུང་ཞབས་གནང་སྟེ་མི་ལོ་ཧྲིལ་པོ་ ༣༠ རིང་རང་འཁྲིའི་ལས་དོན་ཞུ་སྒོ་ཁག་འཐུས་ཤོར་མེད་པར་ངལ་བ་ཁྱད་བསད་དང། ལྷག་བློ་ཆེ་བསྐྱེད་གནང་འདུག་པར་རྗེས་སུ་ཡི་རང་ཞུ་རྒྱུ་བཅས།།