ཤར་ཕྱོགས་ཁུག་རྟ།
རྒྱ་ནག་གཞུང་གིས་སྤེལ་པའི་བོད་སྐོར་གྱི་རྩོམ་ཡིག་རྣམས་ལྟ་ཀློག་བྱེད་མཁན་ཞིག་ཡིན་ན། ༼ སུ་ཞིག་གིས་ཡང་སྙིང་བོད་རིགས་ཀྱི་ཚབ་བྱེད་ཐུབ ༽་ཅེས་པར་རྫུན་མ་ཁྲི་སྟོང་གིས་སྒྲུབ་པའི་རང་སྐྱོན་གཅིག་བཀབ་ཀྱང་ཤོར་འདུག་པ་མཐོང་ཐུབ། དེ་ནི་རྒྱ་ནག་གཞུང་རང་ཉིད་དེ། “རྒྱལ་སྤྱིའི་ཆབ་སྲིད་ཀྱི་དངོས་ཡོད་གནས་ཚུལ་ནི་སྙིང་རྗེ་དང་བྲལ་བར” བཟོ་པའི་བྱེད་གཏེ་ཞིག་ཡིན་པ་མི་རྣམས་ལ་དྲན་གསོ་ཐེངས་གཅིག་བྱས་འདུག
བོད་ལ་རང་ཆས་སུ་ཡོད་པའི་རྒྱུ་འབྲས་བློ་མིག་གིས་བོད་མི་རྣམས་ཀྱིས་བྱ་དངོས་ཡོད་དོ་ཅོག་ལ་བྱམས་བརྩེ་དང་སྙིང་རྗེས་ལྟ་བར་བྱེད་ཅིང་། བོད་མིའི་འཚོ་གནས་ལག་ལེན་ཁྲོད་དུའང་དེའི་རིན་ཐང་གིས་ཁྱབ་ནས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དང་བོད་མི་ནི་བྱམས་བརྩེ་དང་སྙིང་རྗེའི་མགོ་ཁུངས་ལྟ་བུར་ངོས་ལེན་བྱེད་ཀྱི་ཡོད། ངོས་ལེན་དེ་ནི་རླུང་གཡོ་བ་ནང་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཉིན་སྲིབ་མེད་པར་གཡུག་པས་འགྲོ་བ་མི་རྣམས་ཀྱི་སེམས་ངོར་བྲིས་པའི་བོད་དང་བོད་མིའི་རྣམ་ཤེས་ནི། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ནམ་མཁར་འབག་བཙོག་བཟོ་པའི་སྟོབས་ཆེན་རྒྱ་ནག་གཞུང་ལས་དྲང་བདེན་དང་གནས་ལུགས་ཀྱིས་རྟག་བརྟན་ཐེར་ཟུག་ཏུ་གནས་མུས་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་དང་བོད་མིའི་བསུབ་ཏུ་མེད་པའི་མཛའ་འབྲེལ་གྱི་རིག་པའི་གཞུང་ལུགས་ནི་རྒྱ་ནག་གི་སྙིང་རྩ་འདར་བྱེད་ཅིག་ཡིན་པ་བསྙོན་དུ་མེད་པ་དེས་ཀྱང་། བོད་ཀྱི་ཚབ་བྱེད་པའི་བློ་ཁོག་བོད་རང་ལ་མ་གཏོགས་མེད་པ་སྟོན་གྱི་ཡོད།
བོད་ཀྱི་ཚབ་བྱེད་ན་བོད་དུ་སྡོད་དགོས་པ་ཞིག་གིས་ཚབ་ཐུབ་མིན་ནི་བཙན་འཛུལ་དང་གཉའ་གནོན་གྱི་མཚོན་རྟགས་ཡིན་པའི་” བོད་རང་སྐྱོང་ལྗོངས་ “ཟེར་བའི་འགོ་ཁྲིད་ཚོ་ནས་” ཞང་སྲིད་གཞུང་”ཡན་འདབས་ཀྱི་བོད་དུ་སྡོད་པའི་འགོ་ཁྲིད་ཚོར་བཀའ་འདྲི་ཞུས་ན་གསལ་བོར་ལོས་མཁྱེན་ཁར། བོད་དུ་བསྡད་པ་ཙམ་གྱིས་བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་མ་རྟོགས་ཀྱི་མཐིལ་བརྟོལ་མཁན་ཡང༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གཅིག་པུ་མིན་པར། རྒྱ་ནག་དམར་ཤོག་ཚོགས་པའི་དྲང་ཆེ་འདས་པོ་ཧུའུ་ཡོ་པང་ནི་མདུན་གྲལ་དུ་སླེབས་ཡོད།
བོད་ཀྱི་ཚབ་བྱེད་མཁན་སུ་ཡིན་མིན་ལ་མ་ལྟོས་པར་དོན་དམ་བོད་མི་ཚོར་འདོད་བློ་ཁེངས་ངེས་ཀྱི་གནས་བབ་ཅིག་བྱུང་ན་༧གོང་ས་མཆོག་གིས་” ངོས་དེ་རིང་རང་བཙན་བྱོལ་བོད་གཞུང་གི་སྒོ་རྒྱག་ཐུབ་ཀྱི་ཡོད་” པའི་བརྡ་ལན་རྒྱ་ནག་གཞུང་ལ་སྔ་མོ་ནས་སྤྲད་ཟིན་པ་དེས། ” ༡༩༥༩ ལོའི་གོང་གི་བོད་དང་། ཡང་ན་རིག་གནས་གསར་བརྗེའི་སྐོར”་གླེང་ནས་ཉི་མ་ཕུད་ཐུབ་བྱེད་འདོད་མེད་པ་གསལ་བཤད་བྱས་མི་འདུག་གམ། བོད་ལ་”གནམ་ས་བླ་འོག་བརྗེ་བ་”ལྟ་བུའི་ཡར་རྒྱས་བཏང་ཡོད་ན། བོད་མི་ཚོར་རང་དབང་དང་དྲག་གནོན་”ཉིན་མཚན་བརྗེ་བ་”ལྟ་བུར་བྱུང་དགོས་དོན་ག་རེ་ཡིན་ནམ། བོད་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་༧གོང་ས་མཆོག་ནས་བོད་རྒྱའི་དཀའ་རྙོག་ཐད་འཛིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ནི་དེ་བས་ཀྱང་རྙིང་པ་བསྐྱར་ཟློས་བྱེད་འདོད་མེད་པའི་གཏན་ཚུགས་རང་ཡིན་པ་མ་ཟད། དུས་རབས་དང་མཐུན་ལ་དངོས་ཐོག་བདེན་འཚོལ་གྱི་མིའི་རིགས་ཀྱི་འཚོ་གནས་འཆའ་ཐུབ་ལ་དྲངས་པའི་དཔེ་མཚོན་གསལ་ཤོས་ཤིག་ཡིན།
བོད་ལ་རྒྱུས་མངའ་ཡོད་མེད་ཀྱིས་བོད་ཀྱི་ཚབ་བྱེད་ཐུབ་མིན་གླེང་བ་ནི་དོན་དངོས་དང་མཐུན་པ་ཞིག་ཡིན། ཡིན་ནའང་དེང་སྐབས། འགྲོ་བ་མིའི་རྩ་ལམ་དག་ཏུ་ཁྱབ་པའི་ངོ་ཚ་ཟེར་བ་དེ་དང་། ཡང་ན་ཆབ་སྲིད་ཐད་ཀྱི་ཆོད་སེམས་གང་གི་ཆ་ནས་བཤད་ཀྱང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་བོད་ལ་རྒྱུས་མངའ་མེད་ཚུལ་བཤད་པ་ནི་སྐྱག་རྫུན་གྱི་བང་མཛོད་སྟོང་སོང་བ་མིན་ན། བོད་མི་རྩད་རྫོགས་བྱེད་པའི་སྲིད་བྱུས་ཀྱི་གོམ་སྟབས་སྔར་ལས་མགྱོགས་སུ་བཏང་བར་ངོས་འཛིན་མི་བྱེད་ཀ་མེད་རེད། ༧གོང་ས་མཆོག་གིས་བོད་ཀྱི་གནས་བབ་གསལ་རྟོགས་ཡོད་ཁར། རྒྱ་རིགས་དུང་ཕྱུར་མང་པོའི་རྒྱ་ནག་གི་འབྱུང་འགྱུར་ལའང་ལྷག་བསམ་རྣམ་དག་གིས་ཐུགས་ཁྲལ་གནང་བཞིན་ཡོད།
དེ་ནི་དཔེ་མཚོན་ཁ་ཤས་ཀྱིས་བཤད་ཐུབ་སྟེ། རྒྱ་གཞུང་གི་གསར་འགྱུར་རྫུན་མས་སྒྲིབ་པའི་རྒྱ་མི་གྲོགས་པོ་ཚོ་ཕྱིའི་གླིང་ཕྲན་ཁག་ནས་བོད་མི་ཚོར་ཐུག་འཕྲད་བྱེད་རྒྱུར་དོགས་མ་བདེ་བ་ཡོང་གི་ཡོད། ཡིན་ནའང་། བདེན་པ་ནི་ནམ་ཡང་མཐའ་གསལ་ཡིན་པ་དང་། ༧གོང་ས་མཆོག་གི་བོད་རྒྱའི་དཀའ་རྙོག་སེལ་འདོད་ཀྱི་ཆོད་སེམས་བརྟན་པོ་ཡིན་པས། དེང་གི་དུས་ན་ཐའེ་ཝན་པ་དང་ཧོང་ཀོང་པ། ཨོ་མན་པ་རྣམས་མ་ཟད
རྒྱ་ནག་སྐམ་སའི་རྒྱ་རིགས་གྲོགས་པོ་རྣམས་༧གོང་ས་མཆོག་ལ་མཇལ་རྒྱུ་ནི་སྐོམ་པ་ཆུ་འདོད་ལྟར་ཡིན་ལ། ད་དུང་རྒྱ་ནག་གི་མང་གཙོ་དོན་གཉེར་བ་དང་རྩོམ་པ་པོ་མང་པོས་༧གོང་ས་མཆོག་ལ་རྒྱ་ནག་མང་གཙོའི་དབུ་ཁྲིད་ཀྱི་མཚན་གནས་བཞེས་རྒྱའི་ཨུ་ཚུགས་རབ་དང་རིམ་པར་བསྐྱོན་ཡོད། དེ་མཚུངས་༢༠༠༨ ལོར་༧གོང་ས་མཆོག་གིས་ཨོ་ལིག་ཕིག་རྩེད་འགྲན་ལ་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་གོང་ན་མེད་པ་བྱས་ཡོད། ད་དུང་ ༢༠༠༨ལོར་བྱུང་བའི་བོད་ནང་གི་ཞི་རྒོལ་སྐབས་སུའང་༧གོང་ས་མཆོག་གིས་རང་ལ་ཐོབ་པའི་བོད་མི་རྣམས་ཀྱི་དད་པ་དང་བརྩི་བཀུར་བདེ་སྤྱོད་ཀྱིས་ཞི་རྒོལ་ལྷིང་འཇགས་ཡོང་རྒྱུར་རྒྱ་ནག་གཞུང་དང་མཉམ་རུབ་གནང་རྒྱུའི་བླ་ན་མེད་པའི་ཆོད་སེམས་བསྟན་ཡོད་པ་མ་ཟད། རང་སྐྱོང་བསམ་འཆར་དུ་རྒྱ་ནག་གཞུང་” དབུས་གཞུང་”དུ་ངོས་འཛིན་བྱས་ཡོད་པ་དག་ནི་བྱུང་རབས་ནང་ཤིན་ཏུ་གསལ་བོ་ཡིན།
གོང་དུ་དྲངས་པའི་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ཆོད་སེམས་འདི་ཉིད་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆར་སུས་ཀྱང་བོད་རྒྱ་གཉིས་ཀྱི་གནས་བབ་མ་ཤེས་པའི་ལན་ཚུལ་གསུངས་མཁན་གཅིག་ཀྱང་བྱུང་མེད།
” བོད་ཀྱི་མགྲིན་ཚབ་པ་དང་དབུ་ཁྲིད་བྱེད་དགོས་ན་བོད་མི་རྣམས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱེད་དགོས”་པ་ནི་༧གོང་ས་མཆོག་གི་དགོངས་གཞི་རྨ་མེད་པ་དེ་རེད་ལ། ༢༠༡༡ ཟླ ༣ ཚེས ༡༡ ཉིན་བཙན་བྱོལ་གྲོས་ཚོགས་སུ་བསྩལ་བའི་འཛམ་གླིང་གཡོ་འགུལ་ཐེབས་པའི་གསུང་འཕྲིན་རིན་པོ་ཆེ་ནི། སྲིད་དབང་དང་མང་གཙོའི་ལམ་ལུགས་གཉིས་ཀའི་ནང་ལོ་རྒྱུས་གསར་བ་ཞིག་ཡིན་ལ། གསུང་འཕྲིན་རིན་པོ་ཆེ་དེའི་སྙིང་དོན་ཡང་བོད་མི་རྣམས་ཀྱིས་མང་གཙོ་དོན་སྙིང་ལྡན་པ་ཞིག་ལོངས་སྤྱོད་ཐུབ་ཕྱིར་དམིགས་པ་ཞིག་ཀྱང་རེད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། བོད་ཀྱི་དབུ་ཁྲིད་དང་སྐུ་ཚབ་སུས་བྱེད་ཐུབ་མིན་གྱི་མང་གཙོའི་འོས་འདེམས་ཤིག་བྱེད་དགོས་ཚེ། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ཁང་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོར་གསལ་བོར་ཞུས་པ་བཞིན། ད་དུང་རྒྱ་གཞུང་ལ་རེ་དོགས་ཡོད་ཚེ་བོད་ཕྱི་ནང་གཉིས་ནས་མང་གཙོའི་འོས་བསྡུ་ཆེན་པོ་ཞིག་འགོ་ཚུགས་རྒྱུའི་བློ་འདོན་བྱས་ཡོད་ལ། དེ་ནི་ད་དུང་ཡང་བབ་བརླིང་བརྟན་གསུམ་གྱིས་གནས་མུས་རེད།
སྨྱུག་འཛིན་པ་མཚམས་འདིར་སླེབས་པ་ན་གཏམ་དཔེ་ཞིག་དྲན་པ་ནི། ” གླེན་པར་ལན་བརྒྱར་སྨྲས་ཀྱང་གོ་དཀའ་ “ཞེས་པ་དེ་རེད་ལ། གོང་དུ་དྲངས་པའི་རིག་པའི་གཞུང་ལུགས་འདིས་” ཡང་སྙིང་བོད་ཀྱི་ཚབ་སུས་བྱེད་ཐུབ་མིན་” གྱི་མདུད་པའང་རང་བཞིན་གྱིས་གྲོལ་འགྲོ་བ་ཞིག་ཡིན་པས། རྒྱ་ནག་གཞུང་གི་ལྟོས་བཅས་རྣམས་ངོ་ཚ་ཁ་སྐྱེངས་ནས་མ་ཀློག་པར། སློབ་སྦྱོང་གི་གཞི་རྩར་བཟུང་ནས་དོན་དངོས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
༢༠༡༡། ༦། ༨། ཉིན་བྲིས།