༢༠༡༡ ཟླ་ ༦ ཚེས་ ༢༩ རེས་གཟའ་ལྗག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཝི་ཏི་ནམ་(Vietnam) དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ཚེས་ ༢༨ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༩ ཉིན་མཇུག་སྒྲིལ་མཛད་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་སྒྲུབ་ཞག་སྔོན་དུ་མཛད་པའི་སྒོ་ནས་ཆུ་ཚོད་ ༨།༣༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་མགོན་པོ་གང་ཉིད་མཆོག་གིས་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་ ༥༠༠ གཙོ་བོར་གྱུར་པའི་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༥༥༠༠ བརྒལ་བར་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་མཇུག་སྒྲིལ་མཛད་ཡོད།
དེ་རྗེས་སྤྱན་རས་གཟིགས་ཀྱི་རྗེས་གནང་བཀའ་དྲིན་ཆེ་བ་སྩལ་གྲུབ་བསྟུན། ཝི་ཏི་ནམ་དད་ལྡན་པ་རྣམས་ནས་༸གོང་ས་མཆོག་ལ་ཐུགས་རྗེ་ཞུ་དང་སྦྲགས་མགོན་པོ་གང་ཉིད་མཆོག་འགྲོ་བ་སེམས་ཅན་གྱི་དོན་དུ་སྐུ་ཚེ་ཡུན་རིང་བརྟན་ཆེད་དཀར་གཙང་མཇལ་དར་དང་མཆོད་སྤྲིན་མེ་ཏོག་སོགས་ཀྱི་ལམ་ནས་བརྟན་བཞུགས་འདེགས་འབུལ་ཞུས་ཡོད།
དེ་བཞིན་ཉིན་རྒྱབ་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་རིང་བཀའ་ཆོས་སྩལ་བའི་སྐབས་ཁོང་རྣམས་ནས་གསལ་རྟོགས་མ་བྱུང་བ་དང་དོགས་འདྲི་གང་ཡོད་པ་རྣམས་ལ་བཀའ་ལན་སྩལ་རྒྱུ་ཡིན་འདུག་པ་བཅས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དང་སྤྱན་རས་གཟིགས་ཀྱི་རྗེས་གནང་སྩལ་བ།
གསར་གནས།
འབྲེལ་གནས།